༄༅། །མ་ཧཱ་ས་ནྡྷ་མཱ་ཡཱ་བི་ཤྲཱ་ནྟཱ་མ་བི་ཧཱ་ར་ཏི་སྨ། ༎ ༄༅། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། མ་ཧཱ་སནྡྷ་མཱ་ཡཱ་བི་ཤྲཱནྟནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཆོས་ཀུན་མ་སྐྱེས་མཉམ་པའི་ངང་ཉིད་ལས། །ཡེ་ཤེས་སྒྱུ་མ་གཉིས་མེད་རོལ་པ་ཆེ། །སེམས་ཉིད་རྒྱལ་པོ་རང་བྱུང་གདོད་མ་ལ། །མ་སྐྱེས་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །རྒྱལ་བས་ཆོས་ཀུན་སྒྱུ་མའི་ཚུལ་གཉིས་སུ། །ཡང་དག་གསུང་དེ་རང་བཞིན་རྟོགས་བྱའི་ཕྱིར། །མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཇི་ལྟར་ཉམས་སུ་མྱོང་བཞིན་བཤད་ཀྱིས་ཉོན། །གཞི་ དབྱིངས་མི་འགྱུར་སེམས་ཉིད་ནམ་མཁའ་ཆེ། །སྟོང་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས། །རྒྱལ་ཆོས་དྲི་མེད་ཉི་ཟླ་གཟའ་སྐར་བཞིན། །ལྷུན་གྲུབ་སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །ངང་གིས་འོད་གསལ་ཡོན་ཏན་རྫོགས་པར་ལྡན། །འདི་ནི་རང་བཞིན་གདོད་མའི་གནས་ལུགས་ཏེ། །ཡང་དག་གཞི་ཡི་སྒྱུ་མ་ལགས་པར་གསུངས། །དེ་ཉིད་ངང་ལས་གློ་བུར་འཁྲུལ་པའི་སྤྲིན། །རྨི་ལམ་བྱེད་པོ་གཉིད་ཀྱི་ངང་ཚུལ་ཅན། །ལྷན་ཅིག་སྐྱེས་པའི་མ་རིག་ཉིད་དང་ནི། །གཉིས་མེད་གཉིས་སུ་འཛིན་པས་བསླད་པའི་སེམས། །ཀུན་ཏུ་བརྟགས་པའི་མ་རིག་ལས་བྱུང་བས། །འགྲོ་དྲུག་འཁྲུལ་སྣང་སྣ་ཚོགས་རྨི་ལམ་བཞིན། །མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་མྱོང་། །ཡུན་རིང་དུས་ནས་གོམས་པ་འདི་དག་ཀུན། །གནས་དང་ལུས་དང་ལོངས་སྤྱོད་ལ་སོགས་པ། །རང་སྣང་དགེ་སྡིག་ལས་གྱུར་བདེ་སྡུག་བསྔལ། །རྣམ་པ་སྣ་ཚོགས་རི་མོར་བྲིས་འདྲ་བ། །གཅིག་ཉིད་འཁྲུལ་ལས་མང་པོར་སྣང་གྱུར་ཏེ། །དུ་མར་བཟུང་ལས་འཁྲུལ་སྣང་རྒྱུན་མི་འཆད། །ཨེ་མ་སྲིད་པའི་རང་བཞིན་རྨི་ལམ་བཞིན། །རང་བྱུང་སེམས་ཉིད་གཅིག་གི་ངོ་བོ་ལ། །མ་རིག་གཉིད་ཀྱི་འཁྲུལ་སྣང་གཟུང་འཛིན་བློ། །སྣ་ཚོགས་མང་ལྡན་རྨི་ལམ་སྣང་བ་འདི། །རང་སེམས་ཉིད་ལས་གཞན་དུ་ཅི་ཡང་མེད། །ལོག་རྟོག་སྒྱུ་མ་ཉིད་ཅེས་རྒྱལ་བས་གསུངས། །ཇི་ལྟར་ད་དུ་ར་ཡིས་མྱོས་པ་ལས། །སྣང་བ་སྣ་ཚོགས་སྣང་ཡང་ འཁྲུལ་པར་གཅིག །དེ་བཞིན་མ་རིག་གཉིད་མྱོས་ལས་བྱུང་བའི། །འགྲོ་དྲུག་སེམས་འཁྲུལ་བ་ལ་སྣང་བ་འདི། །བདེན་པ་མེད་ཅེས་དི་རིང་རྟོགས་པར་བྱ། །འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་རྟོག་ལས་བྱུང་བས། །བདེན་མེད་རྫུན་མེད་གཉིས་མེད་བློ་འདས་གཅེས། །ངེས་པར་རང་རིག་རང་བྱུང་ཤེས་བྱ་སྟེ། །ཡིན་མིན་ཡོད་མིན་མཐའ་འགྲོལ་ཀློང་ཡངས་སུ། །རྒྱལ་བའི་དགོངས་པ་མཁའ་ལྟར་ཤེས་པར་བྱ། །ཆོས་ཀུན་རང་བཞིན་རྨི་ལམ་ལྟ་བུ་སྟེ། །སྣང་དུས་ཉིད་ནས་ངོ་བོ་འགའ་མེད་ལ། །རྣམ་པ་མ་དོར་སྣང་བ་མ་འགགས་ཤིང་། །རེ་ཞིག་རྫུན་ལ་རྣམ་ཀུན་སྟོང་པའི་གཟུགས། །ཤིན་ཏུ་དཔྱད་ན་བདེན་མིན་རྫུན་པ་མིན། །ཡོད་མིན་མེད་མིན་རང་བཞིན་མཐའ་ལས་འདས། །མཁའ་མཉམ་བརྗོད་འདས་བསམ་ཡུལ་རྣམས་དང་བྲལ། །རང་བཞིན་གདོད་ནས་དག་པར་ཤེས་པར་བྱ། །དེ་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྨི་ལམ་དང་འདྲར་ལྟ་བས་ཐག་བཅད་ནས། །སྒོམ་པས་ཉམས་སུ་བླང་ཕྱིར་བསྟན་པ་ནི། །བདེ་བའི་གདན་ལ་སྐྱིལ་ཀྲུང་རབ་བཅས་ནས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་དེ། །ཆོས་ཀུན་མཉམ་རྫོགས་སྟོང་པའི་ངང་ཉིད་ལས། །སྟོང་པའི་སྒྱུ་མ་རབ་ཏུ་བསྒོམ་པར་བྱ། །སྤྱི་བོར་པད་ཟླ་ཉི་མའི་དབུས་ཉིད་དུ། །རྩ་བའི་བླ་མ་ཡི་དམ་མཁའ་འགྲོར་བཅས། །བརྒྱུད་པའི་བླ་མ་དབྱེར་མེད་གསལ་བཏབ་ལ། །མཆོད་བསྟོད་རྨི་ལམ་འབྱོང་བར་གསོལ་བ་གདབ། །བདག་དང་སྣང་སྲིད་འོད་ཞུ་བླ་མར་ཐིམ། །མཁའ་མཉམ་ངང་དེར་དར་ཅིག་གློད་ལ་བསྒོམ། །དེ་ཡིས་བྱིན་རློབས་རྟོགས་པ་ཤུགས་ལས་འཆར། །དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། །ཕྱི་རོལ་རི་དང་ལུང་པ་ཡུལ་གྲུ་དང་། །ས་ཆུ་མེ་རླུང་ནམ་མཁའ་སེམས་ཅན་སོགས། །གཟུགས་སྒྲ་དྲི་རོ་རེག་སྟེ་ཡུལ་ལྔ་དང་། །ནང་གི་ལུས་དང་དབང་ཤེས་ཆོས་རྣམས་ཀུན། །རྨི་ལམ་ཉིད་ཅེས་ཡང་དང་ཡང་བསྒོམ་ཞིང་། །ཁ་རྩང་ཕན་ཆད་འདས་པའི་ཆོས་རྣམས་ཀུན། །མདང་སུམ་རྨི་ལམ་དང་འདྲར་ཡིད་ཀྱི་ཡུལ། །དེ་རིང་སྣང་བའང་མེད་སྣང་འཁྲུལ་པའི་བློ། །མདང་དང་དོ་མོད་རྨི་ལམ་དང་འདྲ་ཞིང་། །སང་དང་སང་ནུབ་མ་འོངས་རྨི་ལམ་སྟེ། །དགག་སྒྲུབ་བདེ་སྡུག་ཅིར་སྣང་ཐམས་ཅད་ལ། །རྨི་ལམ་ཡིན་པའི་འདུ་ཤེས་ཉེར་བཞག་ནས། །བདེན་པའི་བློ་ནི་སྐད་ཅིག་བསྒོམ་མི་བྱ། །འགྲོ་འདུག་ཟ་འཆག་གཏམ་སྨྲར་གྱུར་པ་ནའང་། །རྨི་ལམ་ནང་ཞེས་མ་ཡེངས་དྲན་པས་གཟུང་། །ཅི་སྣང་ཅི་བྱེད་ཅི་བསམ་ཐམས་ཅད་ཀུན། །རྨི་ལམ་ཡིན་པའི་འདུ་ཤེས་མ་བྲལ་པས། །བདེན་མེད་འལ་འོལ་བན་བུན་ཕྱད་ཕྱོད་དང་། །སང་སེང་ཁྲལ་ཁྲོལ་འཛིན་མེད་ཆེན་པོར་སྦྱང་། །གཟུང་ཡུལ་འཁྲུལ་སྣང་རྨི་ལམ་ཉིད་བརྟགས་པས། །གཟུང་བའི་བློ་བྲལ་འཛིན་པ་ཤུགས་ལ་ཕྲལ། །ཡུལ་བཀག་པས་ནི་ཡུལ་ཅན་འགོག་པ་ཡིན། །རེས་འགའ་སྣང་བ་རྨི་ལམ་ཉིད་འཇལ་བའི། །སེམས་དེ་ཕྱི་ནང་བར་ གསུམ་རབ་བཙལ་བས། །ངོ་བོ་ངོས་གཟུང་གཟའ་གཏད་མེད་པའི་བློ། །ཕྱོགས་འབྱམས་ནམ་མཁའ་འདྲ་བའི་ངང་ཉིད་དུ། །དྲན་བསམ་ཚོལ་ཁྲོ་བྲལ་པའི་རིག་པ་དེ། །སྟོང་གསལ་སྤྲོས་དང་བྲལ་བ་ངང་གིས་འཆར། །འཛིན་པ་འགགས་པས་གཟུང་བ་རང་འགགས་པ། །ཡུལ་ཅན་ལོག་པས་ཡུལ་འཛིན་གྲོལ་བའི་ཚེ། །སྣང་ཡུལ་འབྲེལ་མེད་དཔྱད་ར་ཞིག་བར་སྣང་། །དེ་ཚེ་གཉིས་མེད་རང་བྱུང་ཡེ་ཤེས་ཡིན། །དེ་ལྟར་རྟོགས་ཤིང་གོམས་པའི་རང་དུས་ན། །གཟུང་འཛིན་ལོག་པས་ཡུལ་སེམས་ཞེན་པ་གྲོལ། །སྣང་ལ་དེར་འཛིན་མེད་པའི་ཉམས་ཤར་བས། །གང་སྣང་ཡེ་སྟོང་རྩ་བ་བྲལ་བར་འཆར། །འདི་ནི་རང་བཞིན་གདོད་མའི་གནས་ལུགས་ཡིན། །རིམ་གྱིས་སྣང་ཡུལ་མ་དག་གཞན་དབང་ཡང་། །དེར་འཛིན་ལོག་པས་དག་པ་གཞན་དབང་དུ། །ཇི་ཞིག་ཚེ་ན་མངོན་དུ་གྱུར་པ་ཡིན། །རྨི་ལམ་འཕྲུལ་སྣང་གཉིད་སད་མེད་པ་བཞིན། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །འཁྲུལ་པའང་སྔོན་མེད་ཕྱིས་མེད་པར་འདིར་སྣང་། །སྣང་ཡང་སྣང་བའི་དུས་ན་ཡོད་མ་མྱོང་། །མེད་བཞིན་སྣང་བ་བག་ཆགས་འཁྲུལ་པའི་བློ། །རང་བཞིན་གདོད་ནས་དག་པས་རྨི་ལམ་འདྲ། །ཇི་ལྟར་རྨི་ལམ་ནང་གི་སྣང་བ་དེ། །གཉིད་མ་སོང་དང་སད་དུས་མེད་ན་ཡང་། །གཉིད་དུས་སྣང་ལ་སྣང་དུས་རང་བཞིན་མེད། །མེད་སྣང་གཞི་རྩ་བྲལ་བར་ཤེས་པར་བྱ། །དེ་ལྟར་ཉིན་མོ་རབ་ཏུ་གོམས་བྱ་ཞིང་། །མཚན་མོ་གཉིད་ཀྱིས་རབ་ཏུ་སྙོམས་པའི་ཚེ། །བདེ་བའི་མལ་དུ་གཡས་ཕབ་ཉལ་བ་ནི། །མགོན་པོ་མྱ་ངན་འདས་གཟིམས་ལྟ་བུ་ལ། །རླུང་རྒྱུ་རབ་ཏུ་དལ་དང་མིག་མི་འགུལ། །སྙིང་ནང་ཨ་དཀར་ཤེལ་གོང་འོད་འབར་བ། །ཚོན་གང་ཆེས་ཕྲའི་ངང་ལ་སེམས་བཟུང་ལ། །རྨི་ལམ་ལྟ་བུའི་དྲན་པས་མ་ཡེངས་བྱ། །དེ་ཡིས་རྨི་ལམ་ལྟ་བུའི་འོད་གསལ་འཆར། །ཐོག་མར་རྨི་ལམ་འཇིགས་དངངས་རྨིས་པ་ན། །རྨི་ལམ་དྲན་པས་འཇིགས་པ་རང་སར་གྲོལ། །རྨི་ལམ་དང་དེར་ཏིང་འཛིན་གྲུབ་པ་ནི། །རྨི་ལམ་ཟིན་ཞེས་རྣལ་འབྱོར་པས་ཤེས་བྱ། །དེ་ནས་རྨི་ལམ་བདེན་མེད་གཅིག་ཏུ་སྦྱོང་། །དེ་ཡང་མེད་བཞིན་སྣང་འདི་འཁྲུལ་པའི་བློ། །རྨི་ལམ་དང་འདྲ་ངོ་བོ་ངོས་གཟུང་མེད། །བདེན་རྫུན་བློ་ལས་འདས་པ་ཤེས་པར་བྱའོ། །དེ་ནས་སྤྲུལ་ཞིང་བསྒྱུར་བའི་རིམ་པ་ཡང་། །རྨི་ལམ་དུས་དེར་རང་ལུས་ཚངས་པ་ལྷར། །བདེ་གཤེགས་བྱང་ཆུབ་སེམས་སོགས་གང་འདོད་དུ། །སྤྲུལ་ཞིང་བསྒོམས་ལ་བདེན་མེད་ངང་དུ་གཞག །དེ་ནས་སྐད་ཅིག་སྐད་ཅིག་ཙམ་ཉིད་དུ། །ཚངས་ལས་བརྒྱ་བྱིན་དེ་བཞིན་ལྷ་ལས་མི། །གང་འདོད་བསྒྱུར་ལ་བདེན་མེད་ངང་དུ་བསྒོམ། །དེ་ནས་བརྒྱ་སྟོང་བྱེ་བར་སྤེལ་བྱ་ཞིང་། །གང་འདུལ་ཐབས་ཀྱིས་གཉེན་པོར་རྩལ་སྦྱང་ངོ་། །དེ་ནས་དག་པའི་ཞིང་དང་ཡུལ་ཁམས་དང་། །འོག་མིན་ལ་སོགས་གང་འདོད་དེར་སོང་སྟེ། །བདེ་གཤེགས་བལྟ་དང་གཙང་མའི་ཆོས་ཉན་ དང་། །ཡེ་ཤེས་ཏིང་འཛིན་གཟུངས་སྤྲིན་བསྒྲུབ་པ་ཡང་། །ཉིན་མཚན་ཀུན་དུ་དྲན་པས་རབ་སྦྱངས་པས། །དེ་ལྟར་འགྱུར་བ་རིག་པའི་ཡོན་ཏན་ཏེ། །གནད་ལས་མི་བསླུ་མངོན་དུ་བྱེད་པ་ཡིན། །འདི་ནི་ཡང་ཟབ་སྙིང་པོའི་ཐེག་པའོ། །དེ་ལྟར་ཉིན་མཚན་རྨི་ལམ་དོན་བསྒོམས་པས། །དངོས་པོ་མཚན་མར་འཛིན་པའི་གཟེབ་ལས་གྲོལ། །རབ་རི་དང་རྩིག་པར་ཐོགས་མེད་ཅིང་། །རྫུ་འཕྲུལ་མངོན་ཤེས་ཏིང་འཛིན་གྲངས་མེད་འགྲུབ། །ཉམས་རྟོགས་ཚད་མེད་འཕགས་པའི་ཡེ་ཤེས་སྐྱེ། །མཐར་ཐུག་སེམས་ཉིད་གདོད་མའི་དབྱིངས་ཕྱིན་ནས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །རྨི་ལམ་ལྟ་བུར་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཕྱིར་རྨི་ལམ་ལྟ་བུའི་ཚུལ་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། །རྨི་ལམ་ལྟ་བུའི་ལེའུ་སྟེ་དང་པོའོ།། །།ཡང་འདིར་རྒྱལ་བས་སྒྱུ་མ་ལྟ་བུ་ཞེས། །ཆོས་རྣམས་རང་བཞིན་མེད་པའི་ཚུལ་གསུངས་པ། །དེ་ཡང་མདོ་རྒྱུད་མན་ངག་སྙིང་པོའི་དོན། །ཇི་ལྟར་ཉམས་སུ་མྱོང་བཞིན་བཤད་ཀྱིས་ཉོན། །སེམས་ཉིད་གདོད་མ་ནམ་མཁའ་ལྟ་བུའི་ངང་། །ལྷུན་གྲུབ་ཡེ་ཤེས་ཉི་ཟླ་གཟའ་སྐར་བཞིན། །ཡེ་འབྱམས་རྨད་དུ་བྱུང་བའི་དབྱིངས་རུམ་ལས། །མ་རིག་གཟུང་འཛིན་ཀུན་བརྟགས་རང་ཤར་བས། །ཁམས་གསུམ་འགྲོ་དྲུག་འཁྲུལ་སྣང་སྒྱུ་མ་བཞིན། །རྒྱུ་རྐྱེན་རྟེན་འབྲེལ་སྟོབས་ཀྱིས་རང་སྣང་བ། །ཤིང་བུ་རྡེའུ་རིག་སྔགས་ཚོགས་བ་ལས། །མིག་འཕྲུལ་རྟ་གླང་སྐྱེས་པ་བུད་མེད་དང་། །རི་དང་ཁང་བཟངས་ལ་སོགས་སྣང་བ་བཞིན། །མ་རིག་དབང་གིས་བག་ཆགས་འཁྲུལ་པའི་བློ། །སྣང་སྲིད་ཡུལ་དང་དེར་འཛིན་དུག་གསུམ་ཤར། །རང་བཞིན་མེད་ལ་སྣང་བ་མ་འགགས་པ། །སྒྱུ་མའི་སྐྱེ་བོ་འདྲ་བ་འདི་དག་ཀུན། །བདེན་མེད་སྟོང་པའི་གཟུགས་བརྙན་ཆེན་པོ་རུ། །དི་རིང་ཉིད་དུ་ངེས་པར་རྟོགས་པར་བྱ། །ཡོང་ཡེ་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་བཞིན་གཤིས་ལ་མཁའ་འདྲ་མཉམ་པ་ཉིད། །མ་སྐྱེས་གདོད་ནས་དག་པ་ཤེས་པར་བྱ། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ངང་ཉིད་དུ། །རང་བཞིན་སྒྱུ་མ་སྦྱང་བྱའི་གཞི་དང་ནི། །མ་དག་སྒྱུ་མ་སྦྱང་བྱའི་དྲི་མ་དང་། །ཐབས་ཀྱི་སྒྱུ་མ་སྦྱོང་བྱེད་གཉེན་པོ་དང་། །ཡེ་ཤེས་སྒྱུ་མ་མཐར་ཕྱིན་འབྲས་བུ་སྟེ། །རྣམ་བཞི་དཔེ་ཡི་སྒྱུ་མས་གཏན་ལ་ཕབ། །ཇི་ལྟར་རིག་སྔགས་ལས་བྱུང་མིག་འཕྲུལ་ཏེ། །ཤིང་བུ་རྡེའུ་རྟ་གླང་སྣང་དུས་ནས། །རྟ་གླང་མ་ཡིན་ཤིང་བུ་རྡེའུ་ཉིད། །དེ་བཞིན་ཆོས་ཀུན་བདེན་མེད་མཚོན་པ་ཉིད། །རང་བཞིན་དཔེ་ཡི་སྒྱུ་མར་ཤེས་བྱ་སྟེ། །འཁྲུལ་པའི་གཞི་དང་འཁྲུལ་རྐྱེན་འཁྲུལ་པའི་ཚུལ། །འཁྲུལ་སྣང་འཁྲུལ་གྲོལ་གདོད་མར་གྲོལ་ཚུལ་རྣམས། །དཔེ་ཡི་སྔོན་རོལ་དཔེ་དང་དཔེ་འགྲུབ་དང་། །དཔེར་གྲུབ་དཔེ་ཞིག་སྔོན་བཞིན་རང་མཚན་དུས། །རྣམ་བཞི་གོ་རིམས་དཔེ་ཡི་སྒྱུ་ མས་བསྟན། །རང་བཞིན་སྒྱུ་མ་སེམས་ཉིད་འོད་གསལ་ཏེ། །སྦྱང་གཞིའི་དབྱིངས་ཡིན་བདེ་གཤེགས་སྙིང་པོ་ཡིན། །དག་དང་མ་དག་གང་དུའང་མཆད་པས། །འཁོར་དང་མྱ་ངན་འདས་པ་གཉིས་ལས་འདས། །འཁོར་འདས་འབྱུང་བའི་དབྱིངས་ཡིན་འཆར་གཞི་ཡིན། །རིག་དང་མ་རིག་རྐྱེན་ལས་དེ་ལྟར་ཡིན། །འདི་ནི་གདོད་མའི་གཤིས་ཡིན་གནས་ལུགས་ཡིན། །མེ་ལོང་དངས་བཞིན་གཟུགས་བརྙན་འཆར་གཞི་བྱེད། །ཤར་དུས་ཉིད་ནས་གང་དུའང་མ་ཆད་པས། །མེ་ལོང་དངོས་དེ་དཀར་ནག་གཉིས་མེད་ལ། །དཀར་ནག་གཉིས་ཀའི་འཆར་གཞི་བྱེད་དང་མཚུངས། །འདི་ཉིད་ཤེས་པས་ཀུན་ལ་མཁས་པར་འགྱུར། །མ་དག་སྒྱུ་མ་འཁོར་བའི་འཁྲུལ་སྣང་དེ། །གཉིས་མེད་གཉིས་སུ་བཟུང་ལས་དེར་སྣང་ངོ་། །ཐབས་ཀྱི་སྒྱུ་མ་གཉེན་པོའི་ལམ་ཡིན་ཏེ། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་རུ། །ཚོགས་གཉིས་རིམ་གཉིས་སྦྱོང་བྱེད་བསྒོམས་པ་ཡིས། །སྦྱང་བྱའི་དྲི་མ་སྤྲིན་འདྲ་སེལ་བྱེད་ཡིན། །ཡེ་ཤེས་སྒྱུ་མ་མཐར་ཕྱིན་མི་སློབ་ལམ། །རྒྱལ་བའི་སྐུ་གསུམ་ཕྲིན་ལས་ལྷུན་གྲུབ་སྟེ། །དག་པ་གཉིས་ལྡན་མངོན་དུ་གྱུར་པ་ཡིན། །དཔེ་ཡི་སྒྱུ་མ་རྟེན་འབྲེལ་སྒྱུ་མ་སྟེ། །རྫས་སྔགས་དག་ལས་སྣང་བའི་གཟུགས་བརྙན་བཞིན། །བདེན་མེད་ཉིད་དུ་ཆོས་ཀུན་གཏན་ལ་ཕེབས། །འདི་དག་སྒྱུ་འཕྲུལ་དྲ་བའི་ཚུལ་ལས་ཡིན། །ཇི་ལྟར་རྫས་དང་རིག་སྔགས་འདུས་པ་ལས། །གཞན་དུ་སྣང་བ་འཁྲུལ་པར་ཤེས་པར་བྱ། །འགྲོ་བའི་འཁྲུལ་སྣང་དོན་ལ་མེད་པ་སྟེ། །བག་ཆགས་འཁྲུལ་པའི་རྟེན་འབྲེལ་སྣང་བ་ཙམ། །སྣང་དུས་ཉིད་ནས་སྟོང་ལ་ངོས་གཟུང་མེད། །ཡོད་མེད་མཐའ་ལས་འདས་པ་ཤེས་པར་བྱ། །སྒྱུ་མའི་ཡུལ་དང་སྒྱུ་མའི་གྲོང་ཁྱེར་དང་། །སྒྱུ་མའི་སྐྱེ་བོ་སྒྱུ་མའི་ལོངས་སྤྱོད་དང་། །སྒྱུ་མའི་བདེ་སྡུག་སྒྱུ་མའི་སྐྱེ་འཇིག་དང་། །སྒྱུ་མའི་བདེན་རྫུན་ཇི་ལྟར་སྣང་བ་ལྟར། །འགྲོ་དྲུག་སྣང་བ་དེ་ལྟར་ཤེས་པར་བྱ། །གདོད་ནས་དག་པས་སྒྱུ་མ་ལྟ་བུ་ལ། །མེད་བཞིན་སྣང་བས་སྒྱུ་མ་ཉིད་དང་མཚུངས། །རྐྱེན་ལས་སྐྱེས་ཕྱིར་སྒྱུ་མ་དང་འདྲ་ཞིང་། །བསླུ་ཞིང་འཇིགས་པ་སྒྱུ་མ་ལྟ་བུ་ཞེས། །འཁོར་བའི་འཁྲུལ་སྣང་སྒྱུ་མར་གཏན་ལ་ཕབ། །འདི་ལྟར་འགྲོ་དྲུག་སྒྱུ་མའི་རང་བཞིན་དུ། །དོན་ལ་གནས་ཀྱང་དེ་ལྟར་མ་རྟོགས་པས། །མཐའ་མེད་འཁོར་བའི་གྲོང་འདིར་རྒྱུན་དུ་འཁྱམས། །བདེ་སྡུག་ལས་ཀྱིས་མནར་བས་སྙིང་རེ་རྗེ། །འཁྲུལ་སྣང་སྒྱུ་མར་སོམས་ཤིག་སྐྱེ་བོ་དག །གང་ནས་མ་བྱུང་གང་དུ་མ་སོང་ཞིང་། གར་ཡང་མི་གནས་ཆོས་ཀུན་ཆོས་ཉིད་དང་། །རང་བཞིན་གདོད་ནས་དག་པའི་སྒྱུ་མ་རུ། །སྐལ་ལྡན་རྣམས་ཀྱི་ལྟ་བས་ཐག་ཆོད་ཅིག །སེམས་ཅན་རང་བཞིན་སྒྱུ་མ་ལྟ་བུ་ལ། །བྱང་ཆུབ་རང་བཞིན་སྒྱུ་མའི་ངང་ཉིད་དོ། །འཁོར་འདས་གཉིས་མེད་སྒྱུ་མའི་རོལ་པ་རུ། །སྐལ་བཟང་རྣམས་ཀྱིས་དེ་ལྟར་ཤེས་ པར་བྱ། །རྒྱལ་བས་ཆོས་ཚུལ་སྒྱུ་མ་ཉིད་ལས་གཞན། །རྡུལ་ཙམ་དམིགས་སུ་མེད་ཅེས་གསུངས་པ་བཞིན། །གང་སྣང་བདེན་མེད་སྒྱུ་མའི་ཆོས་ཉིད་དུ། །ཐར་པ་འདོད་པ་དག་གིས་ཤེས་པར་བྱ། །སྒྱུ་མའི་ཚུལ་ཡང་འདི་ལྟར་རིག་པར་བྱ། །བྱང་ཆུབ་སྒྱུ་མ་ལྷུན་གྲུབ་འཕོ་འགྱུར་མེད། །མི་བསླུ་ཁྱབ་བདག་རྟག་ཏུ་ནམ་མཁའ་དང་། །ཉི་བཞིན་ནོར་བུ་ལྟ་བུར་རེ་བ་སྐོང་། །མཐའ་ཡས་ཡོན་ཏན་ཕྲིན་ལས་རྫོགས་པར་རོལ། །དག་གསལ་སྤྲོས་དང་བྲལ་བའི་རང་བཞིན་ནོ། །འཁོར་བའི་སྒྱུ་མ་མི་བདེན་བསླུ་བ་སྟེ། །མཚན་ཉིད་ཆད་ལ་མེད་སྣང་སྒྱུ་མ་བཞིན། །འཁྲུལ་རྟོག་ནུབ་ཚེ་འཁྲུལ་སྣང་དབྱིངས་སུ་ནུབ། །རིག་སྔགས་གཤིས་ལས་རྟ་གླང་མི་སྣང་བཞིན། །མ་དག་སྣང་ཡུལ་གཟུང་འཛིན་གདོད་མར་གྲོལ། །དག་པས་སྟོང་ལ་ངོ་བོ་མེད་པ་བཞིན། །གཤིས་ཀྱི་སྒྱུ་མ་ཆོས་ཉིད་འཕོ་འགྱུར་མེད། །དག་དང་མ་དག་ཀུན་གྱི་ཆོས་ཉིད་དེ། །རྫ་སྣོད་གསེར་སྣོད་ནང་གི་མཁའ་དབྱིངས་བཞིན། །སྣོད་དང་སྣོད་ཆག་རྐྱེན་གྱིས་འཕེལ་འགྲིབ་མེད། །དེ་བཞིན་འཁྲུལ་དང་གྲོལ་བའི་རང་དུས་ཀྱི། །ཆོས་ཉིད་འཕེལ་འགྲིབ་བཟང་ངན་མེད་པར་གནས། །འདི་ནི་གནས་ལུགས་དོན་གྱི་དགོངས་པ་ཡིན། །དེ་ལྟར་ཤེས་ན་སྐྱེ་བོ་མཁས་པ་ཡིན། །གང་ཚེ་སྒྱུ་མའི་ལྟ་བ་རྟོགས་རྗེས་སུ། །སྒྱུ་མའི་བསྒོམ་པ་བདེན་མེད་ཆེན་པོ་ནི། །སྔོན་འགྲོ་སྔར་བཞིན་སྒྱུ་མར་གསོལ་བ་བཏབ། །དངོས་གཞི་ཕྱི་ནང་སྣ་ཚོགས་ཆོས་འདི་རྣམས། །རྒྱུ་རྐྱེན་དབང་གིས་སྒྱུ་མར་སྣང་བ་སྟེ། །དོན་ལ་མི་བདེན་འལ་འོལ་ཟང་ཐལ་དུ། །སྐད་ཅིག་སྐད་ཅིག་ཉིན་མཚན་རྟག་པར་བསྒོམ། །ཆགས་སྡང་དགག་སྒྲུབ་ཉོན་མོངས་ཅི་ཤར་ཡང་། །སྒྱུ་མ་ཉིད་ཅེས་བདེན་པ་མེད་པར་སྦྱོང་། །ཕྱི་རོལ་དངོས་ཀུན་སྒྱུ་མ་ཉིད་དང་ནི། །ནང་གི་ཀུན་རྟོག་སྒྱུ་མ་ལྟ་བུ་སྟེ། །རྐྱེན་ལས་སྐྱེས་ཕྱིར་མི་བདེན་བསླུ་བའི་ཕྱིར། །སྣང་ཙམ་ཉིད་ཕྱིར་སྒྱུ་མའི་དཔེ་བསྒོམ་མོ། །ཉལ་ཚེའང་སྔར་བཞིན་ཁྱད་པར་སྒྱུ་མའི་ངང་། །བདེན་མེད་སྤྲོས་དང་བྲལ་བར་ལྷོད་ཀྱིས་གློད། །དེ་ནས་འཁྲུལ་པའི་རྨི་ལམ་ཅི་ཤར་ཡང་། སྒྱུ་མར་ཤེས་པས་བདེན་ཞེན་འཇིགས་དངངས་གྲོལ། །སྒྱུ་མར་སྦྱོང་དང་སྤེལ་བསྒྱུར་དག་པའི་ཞིང་། །སྒྱུ་མ་ལྟ་བུར་བགྲོད་ཚུལ་སྔར་བཞིན་ནོ། །དེས་ནི་འཁོར་བའི་ཞེན་འཛིན་རང་གྲོལ་ཏེ། །སྒྱུ་མར་གྲོལ་ནས་མི་གནས་མྱ་ངན་འདས། །སྒྱུ་མ་ལྟ་བུའི་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཕྱིར་སྒྱུ་མ་ལྟ་བུའི་དོན་བསྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། །སྒྱུ་མ་ལྟ་བུའི་ལེའུ་སྟེ་གཉིས་པའོ།། །།ཡང་འདིར་རྒྱལ་བས་མིག་ཡོར་ལྟ་བུ་ཞེས། །གསུངས་པ་གང་དེ་ལེགས་པར་བཤད་ཀྱིས་ཉོན། །ཇི་ལྟར་གཟུགས་ལས་མིག་ཡོར་སྣང་བ་བཞིན། །སེམས་ཉིད་ངང་ལས་བག་ཆགས་འཁྲུལ་པའི་མཐུས། །འཁོར་བའི་མིག་ཡོར་མེད་སྣང་འཁྲུལ་པ་གྲུབ། །གང་ལྟར་སྣང་བ་དེ་ལྟར་མིག་ཡོར་བཞིན། །མི་མཁས་བདེན་པར་ ཞེན་པས་བྱིས་པ་བསླུས། །ཡུལ་ལྔའི་མིག་ཡོར་གཟེབ་ཏུ་བཅིངས་པ་ན། །དོན་མེད་བདག་ཏུ་བཟུང་བས་འཁྲུལ་ལ་ལྟོས། །སྣང་སྲིད་སྣོད་བཅུད་བདེ་སྡུག་མཐོ་དམན་རྣམས། །མེད་བཞིན་སྣང་བ་མར་མེའི་གྲིབ་མ་དང་། །མིག་བཙིར་བ་ལས་གཟུགས་བརྙན་གཉིས་པ་དང་། །ཉོན་མོངས་ཚོགས་མང་མཚན་མོའི་མུན་པ་བཞིན། །མ་བརྟགས་སྣང་ལ་བརྟགས་ན་ངོས་གཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །མཁའ་འདྲ་མ་སྐྱེས་གདོད་མའི་ཆོས་ཉིད་དུ། །དི་རིང་ཉིད་ནས་ངེས་པར་རྟོགས་པར་གྱིས། །འཁྲུལ་སྣང་གཞི་མེད་མིག་ཡོར་ལྟ་བུ་སྟེ། །རྩ་བ་བྲལ་ཞིང་མཚན་ཉིད་ཀུན་དུ་ཆད། །བརྟགས་པས་སྟོང་ལ་མེད་བཞིན་སྣང་བ་སྟེ། །རང་བཞིན་མ་སྐྱེས་གདོད་མར་རྟོགས་པར་བྱ། །ཇི་ལྟར་ཐག་རིང་མྱ་ངམ་ཐང་དཀྱིལ་ན། །ཆུང་ངུའང་ཆེན་པོར་སྣང་བ་ཉིད་བཞིན་དུ། །བདག་མེད་བདག་ཏུ་འཛིན་པ་ཆུང་ངུ་ལས། །འཁོར་བའི་འཁྲུལ་སྣང་ཆེན་པོར་འདི་དག་སྣང་། །འཁྲུལ་པར་སྣང་འདི་བརྟགས་ན་དངོས་མེད་དོ། །མཁའ་བཞིན་བྱེད་པོ་མེད་པར་མངོན་པས་ན། །མེད་སྣང་མིག་ཡོར་ལྟ་བུའི་སྲིད་པ་ལ། །དོན་མེད་བདག་ཏུ་མ་འཛིན་ཇི་བཞིན་ཞོག །ངང་ཡིན་ཡེ་ཡིན་གདོད་ནས་དག་པ་ཡིན། །གར་ཡང་མ་འཛིན་ཅིར་ཡང་མ་རྟོགས་ཤིག །ངོ་བོ་ངོས་གཟུང་མེད་པའི་སྣང་བ་ལ། །ཕྱོགས་འཛིན་ཞེན་པའི་གཟེབ་ཀྱིས་ཅི་བྱར་ཡོད། །དེ་བས་ཆེད་དུ་དམིགས་པ་ཀུན་བཏང་སྟེ། །གང་སྣང་བདེན་པས་སྟོང་པར་ཤེས་པར་བྱ། །དེ་ལྟར་ཆོས་རྣམས་མིག་ཡོར་ལྟར་རྟོགས་ནས། །དེ་ཉིད་དོན་ལ་ཇི་བཞིན་བློ་གཞག་བྱ། །སྔོན་འགྲོ་སྔར་བཞིན་མིག་ཡོར་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་མིག་ཡོར་ལྟར་བསྒོམས་ཏེ། །གཟུགས་ནི་བདེན་པས་སྟོང་སྟེ་མིག་ཡོར་འདྲ། །སྒྲ་ནི་གྲག་པས་སྟོང་སྟེ་མིག་ཡོར་བཞིན། །དྲི་རོ་རེག་ཀྱང་མིག་ཡོར་དང་འདྲ་ཞིང་། །ཡིད་དང་ཆོས་ཀྱང་མིག་ཡོར་ལྟ་བུ་སྟེ། །གང་ཡང་བདེན་པ་མེད་པའི་ངང་ཉིད་དུ། །བློ་ཡང་ཞེན་འཛིན་མེད་པར་གློད་ལ་གཞག །ཉིན་བཞིན་མནལ་ཚེའང་སྙིང་གར་སེམས་བཟུང་ལ། །ཆོས་ཀུན་མིག་ཡོར་འདྲ་བའི་ངང་དེར་ཉལ། །རྨི་ལམ་ཟིན་སོགས་སྔར་བཞིན་ངེས་པ་འཆར། །ཉམས་རྟགས་སྣང་བའང་རྨི་ལམ་ལྟ་བུ་སྟེ། །གང་ལའང་བདེན་མེད་རྟོགས་པ་ཤུགས་ལས་འབྱུང་། །འཛིན་མེད་ཟང་ཀ་དགག་སྒྲུབ་འཁྲུལ་བ་འཇིག །སྤྱན་དང་མངོན་ཤེས་ཏིང་འཛིན་ཡོན་ཏན་འགྲུབ། །རྒྱལ་བའི་ཆོས་མཛོད་འགྲོ་ཀུན་འདྲེན་པ་ཡིན། །དེ་ཕྱིར་མིག་ཡོར་ལྟ་བུའི་དོན་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། །མིག་ཡོར་ལྟ་བུའི་ལེའུ་སྟེ་གསུམ་པའོ།། །།ཡང་འདིར་རྒྱལ་བས་སྨིག་རྒྱུ་ལྟ་བུ་ཞེས། །གསུངས་པ་དེ་ཡང་ཇི་བཞིན་བཤད་ཀྱིས་ཉོན། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །ཐང་རྣམས་སྨིག་རྒྱུ་ཆུ་ཡི་ཕུང་པོ་བཞིན། །སེམས་ལ་བདག་འཛིན་ཤིན་ཏུ་གོམས་པའི་མཐུས། །སྤྲུལ་པའི་འཁྲུལ་སྣང་སྨིག་རྒྱུ་ལྟ་བུར་སྣང་། །འདི་ལ་ངོ་བོ་ངོས་གཟུང་འགའ་མེད་དེ། །རང་ བཞིན་གཉིས་མེད་སྟོང་པ་ཞི་བའི་ཆོས། །མ་སྐྱེས་ནམ་མཁའ་འདྲ་ཞིང་བདག་མེད་ལ། །སྐྱེ་མེད་བསམ་ཡུལ་འདས་པ་ཤེས་པར་བྱ། །ཇི་ལྟར་སྣང་འདི་སྣང་པའི་དུས་ཉིད་ནས། །སྐྱེ་བར་སྣང་ཡང་མ་སྐྱེས་སྨིག་རྒྱུ་ལྟར། །གནས་པར་སྣང་ཡང་མི་གནས་སྨིག་རྒྱུ་འདྲ། །འགགས་པར་སྣང་ཡང་མ་འགགས་སྨིག་རྒྱུ་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ། །དགའ་དང་མི་དགའ་བདེ་སྡུག་བཟང་ངན་ཀུན། །སྨིག་རྒྱུ་འདྲ་ཞིང་སྟོང་ལ་བདག་མེད་དེ། །ཕྱི་ནང་སྣང་སྲིད་ཆོས་ཀུན་སྨིག་རྒྱུ་འདྲ། །མེད་བཞིན་སྣང་ལ་རང་བཞིན་གདོད་ནས་དག །ཡེ་སྟོང་མཐའ་དབུས་མེད་ཅེས་རྟོགས་པར་བྱ། །གཉིས་མེད་གཉིས་སུ་འཛིན་པ་སྨིག་རྒྱུ་བཞིན། །དོན་མེད་དགག་སྒྲུབ་ཞེན་པས་མ་བཅིངས་པར། །རང་སེམས་གཉིས་མེད་སྨིག་རྒྱུ་ལྟ་བུར་ལྟོས། །འདི་ནི་དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །དེ་ནས་ཇི་ལྟར་བསྒོམ་པའི་རིམ་པ་ཡང་། །སྔོན་འགྲོ་སྔར་བཞིན་སྨིག་རྒྱུའི་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་སྨིག་རྒྱུ་ལྟ་བུའི་ངང་། །སེམས་ཀྱི་འབྱུང་འཇུག་རེ་དོགས་བྲལ་བར་གཞག །མཚན་མོའང་སྔར་བཞིན་རྟགས་རྣམས་རྨིག་རྒྱུར་འཆར། །གང་ལའང་མི་ཞེན་བདག་འཛིན་ངང་གིས་གྲོལ། །གཟུངས་སྤྲིན་མངོན་ཤེས་ཏིང་འཛིན་ཁོང་ནས་འཆར། །རྒྱལ་བའི་གོ་འཕང་མྱུར་དུ་འགྲུབ་པས་ན། །རང་བཞིན་སྨིག་རྒྱུ་ལྟ་བུའི་དོན་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྨིག་རྒྱུ་ལྟ་བུའི་ལེའུ་སྟེ་བཞི་པའོ།། །།ཡང་འདིར་རྒྱལ་བས་ཆུ་ཟླ་ལྟ་བུ་ཞེས། །ཇི་སྐད་གསུངས་དེ་ཉམས་སུ་བླང་ཕྱིར་བཤད། །སེམས་ཉིད་ཟབ་ཅིང་དངས་པའི་མཚོ་དབུས་སུ། །ལྷུན་གྲུབ་གཟུགས་བརྙན་ཡེ་ཤར་གནས་མོད་ཀྱང་། །གཟུང་འཛིན་རྦ་རླབས་རྙོག་པའི་དྲི་མ་ཡིས། །གསལ་བར་མ་གྱུར་རྟོག་པའི་རླུང་གིས་དཀྲུགས། །འཇིག་རྟེན་རྨོངས་པ་བདག་འཛིན་ལས་བྱུང་བས། །ཡེ་ཤེས་མི་གསལ་མི་ཤེས་ཉོན་མོངས་ཅན། །ཐོག་མཐར་དུས་མེད་འཁོར་བར་བྱིང་གྱུར་ཏེ། །ཇི་ལྟར་ཆུ་གཙང་ནང་གི་གཟའ་སྐར་གཟུགས། །དངས་ལ་མི་གཡོ་མེད་བཞིན་སྣང་བ་ལྟར། །འཁྲུལ་སྣང་གཟུགས་བརྙན་སེམས་ཆུར་ཤར་བའི་གཟུགས། །མེད་བཞིན་སྣང་བས་འགྲོ་ཀུན་ཉམ་རེ་ཐག །འདི་ཅི་དངོས་པོར་མ་ཡིན་ངོས་གཟུང་མེད། །མཚན་མར་མ་ཡིན་མཚན་མ་མེད་མ་ཡིན། །ཡོད་མེད་མ་ཡིན་བདེན་རྫུན་མཐའ་ལས་འདས། །གཟུགས་བརྙན་ཉིད་ཅེས་གསུངས་དེ་ཐོག་ཏུ་བབས། །གཟུགས་སོགས་ཡུལ་དྲུག་ཆུ་ཟླ་དང་འདྲ་སྟེ། །མེད་ལ་སྣང་ཕྱིར་ངོ་བོ་མ་གྲུབ་ཕྱིར། །རྣམ་པ་མ་འགགས་འཁྲུལ་ངོར་སྣང་བའི་ཕྱིར། །མིག་དང་མིག་དབང་མིག་ཤེས་ལ་སོགས་དྲུག །ཆུ་ཟླ་འདྲ་ཞིང་སྟོང་ལ་གསོག་དང་གསོབ། །ཡ་མ་བརླ་འདྲ་ཆུ་ཤིང་དངོས་པོ་མེད། །རྣམ་ཀུན་བདེན་པས་སྟོང་ཞེས་རྟོགས་པར་བྱ། །མཐའ་ཡིས་མ་གོས་དྲི་མ་མེད་པའི་སེམས། །ཆུ་ཟླའི་ཚུལ་ཏེ་སྣང་སྟོང་སྤྲོས་དང་བྲལ། །ཟབ་ཞི་མི་རྟོག་ཡེ་ཤེས་བརྗོད་ལས་འདས། །རང་གསལ་ངང་ལས་མི་གཡོ་ཤེས་པར་བྱ། །ཆུ་ ཟླར་སྣང་དུས་ཟླ་བ་མ་གྲུབ་ལྟར། །སྣ་ཚོགས་སྣང་དུས་སྣ་ཚོགས་གྲུབ་བསལ་མེད། །དུས་གསུམ་ཐ་སྙད་བཏགས་པའི་བློ་དང་བྲལ། །མི་རྟོག་ཇི་བཞིན་ཉིད་དུ་གནས་དེ་ཞོག །མ་ལུས་འགྲོ་འོང་མེད་པའི་བྱང་ཆུབ་སེམས། །ཕྱི་དང་ནང་མེད་བསམ་འདས་རིས་མ་འཛིན། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་ཉིད་ལ། །ཡངས་དོག་མཐོ་དམན་མེད་ཀྱིས་ཚོལ་ཁྲོ་ཞོག །མ་བསམས་གཅིག་ཏུ་མི་གནས་གདོད་མའི་ངང་། །གང་ཡིན་ཀུན་ཡིན་ཆུ་ཟླ་ལྟ་བུ་ཡིན། །བདེན་མིན་རྫུན་མིན་འཁོར་འདས་མཉམ་པ་ཉིད། །ཇི་བཞིན་ཆོས་ཉིད་ངང་དུ་སེམས་པ་ཞོག །སྣང་སྲིད་འཁོར་འདས་ཆུ་ཟླ་སྟོང་པའི་གཟུགས། །ཡེ་སྟོང་བབས་སྟོང་རང་བཞིན་གཟོད་ནས་སྟོང་། །དེ་ལ་ཡོད་མེད་བློས་བཏགས་འཁྲུལ་པས་ན། །ཐ་དད་ཕྱོགས་རིས་གྲུབ་མཐའ་མ་ཞེན་ཀྱི། །ཇི་སྲིད་ངར་འཛིན་ཞེན་པའི་བློ་ཡོད་པ། །ཇི་སྲིད་འཁོར་བ་ཉིད་དེ་ཐར་དུས་མེད། །འཛིན་མེད་རང་བབས་སོ་གཉུག་རྣལ་མའི་སེམས། །ཟང་ཀ་ཡེ་བབས་རང་གྲོལ་ཕྱོགས་ཡན་ནི། །རང་བཞིན་ཉིད་དེ་དེ་ལ་བཅོས་ཅི་དགོས། །ཡུལ་རྣམས་ངོས་སྟོང་ཆུ་ཟླ་ལྟ་བུ་ལ། །བློ་ཡང་ཞེན་སྟོང་འཛིན་མེད་ཤར་བ་ན། །གཟུང་འཛིན་གཉིས་མེད་ཡུལ་སེམས་འབྲེལ་མེད་པས། །ཇི་བཞིན་རྩོལ་བྲལ་རྫོགས་པ་ཆེན་པོའི་ངང་། །གང་བྱུང་གྲོགས་སུ་འཆར་བའི་རང་བཞིན་ལ། །ཕྱོགས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་དེ་བགྲོད་པའི་ས་མེད་པར། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །དེ་ལྟར་རྟོགས་ནས་ངང་དེར་གནས་པ་ནི། །མི་གཡོ་ཆུ་ཟླ་ལྟ་བུའི་སྒོམ་པ་དེ། །ཅིར་སྣང་བདེན་མེད་འལ་འོལ་ཕྱམ་ཕྱམ་དུ། །སྐལ་བཟང་སྐྱེ་བོས་རབ་ཏུ་གོམས་པར་བྱ། །སྔོན་འགྲོ་སྔར་བཞིན་ཆུ་ཟླར་གསོལ་བཏབ་ལ། །དངོས་གཞི་གང་སྣང་དངོས་དེ་ཆུ་ཟླ་དང་། །འདྲ་བ་ཉིད་དུ་བསམས་ལ་མཉམ་པར་གཞག །མཚན་དུས་སྔར་བཞིན་ཁྱད་པར་ཆུ་ཟླའི་ཉམས། །གང་ལའང་འཛིན་མེད་ཕྱམ་གཅིག་ངང་དུ་གནས། །མྱུར་དུ་སེམས་ཉིད་རྒྱལ་པོའི་གཏན་སྲིད་ཟིན། །གང་སྣང་བལྟས་པས་དེར་སྣང་འཛིན་པ་བྲལ། །དངས་གསལ་ཆུ་ཟླ་ལྟ་བུའི་འོད་གསལ་འཆར། །འདི་ནི་སྐལ་མཆོག་ལྡན་པས་རབ་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། །ཆུ་ཟླ་ལྟ་བུའི་ལེའུ་སྟེ་ལྔ་པའོ།། །།ཡང་འདི་རྒྱལ་བས་བྲག་ཅ་ལྟ་བུ་ཞེས། །གསུངས་པ་དེ་ཡང་གསལ་བར་བཤད་ཀྱིས་ཉོན། །ཇི་ལྟར་བྲག་རིའི་དྲུང་འདུག་མི་དག་གིས། །ཇི་སྙེད་བརྗོད་བཞིན་བྲག་ཅའི་དབྱངས་འབྱུང་བ། །དེ་བཞིན་ཆོས་ཀུན་རྐྱེན་འབྱུང་ངོ་བོ་མེད། །བདེན་པས་སྟོང་ཞེས་ངེས་པར་རྟོགས་པར་བྱ། །བྲག་ཅ་གྲགས་དུས་ཕྱི་ནང་བར་རྣམས་སུ། །བྲག་ཅའི་དབྱངས་དེ་བཙལ་ཡང་མི་རྙེད་ལྟར། །ཕྱི་ནང་ཆོས་ཀུན་བློ་ཡིས་དཔྱད་བྱས་ན། །སེམས་དང་སེམས་ལ་སྣང་བའི་ཆོས་རྣམས་ཀུན། །རགས་ཕྲའི་རྣམ་པ་ཙམ་ཡང་མི་རྙེད་དེ། །མཁའ་བཞིན་སྟོང་ལ་དངོས་མེད་རྣམ་པར་དག །དེ་ལྟར་རྟོགས་ན་གང་ལའང་ ཞེན་འཛིན་མེད། །ཀུན་རྫོབ་སྣང་ལ་དོན་དམ་མི་དམིགས་ཞེས། །ཆ་གཉིས་འཛིན་པའང་བློ་ཡི་རྣམ་དབྱེ་སྟེ། །ཇི་ལྟར་སྣང་དུས་ཉིད་ནས་བློ་ལས་འདས། །བློས་བཀོད་སྤྲོས་པའི་དྲ་བ་རང་སེམས་ཏེ། །ཡུལ་དེར་འཕེལ་འགྲིབ་གང་དུའང་མི་བྱེད་པས། །རྟོག་པའི་དྲ་བས་མ་འཛིན་ངོས་གཟུང་མེད། །དེ་ལྟར་ཤེས་ཏེ་སྤྲོས་པའི་ཕ་རོལ་འགྲོ། །གདོད་མའི་སེམས་ཉིད་ནམ་མཁའ་ཡིད་བཞིན་དང་། །ཡོན་ཏན་ལྷུན་གྲུབ་རྒྱ་མཚོ་དྲི་མེད་ལས། །ཀུན་རྟོག་མ་རིག་རྐྱེན་བྱུང་སྲིད་པའི་ཆོས། །མེད་སྣང་བྲག་ཅ་ལྟ་བུར་འདིར་འཁྱམས་ཏེ། །འགྲོ་དྲུག་རང་སྣང་བག་ཆགས་དབང་གིས་སྣང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །དེ་ལྟ་ན་ཡང་འགྲོ་སེམས་འཁྲུལ་སྣང་འདི། །གཞི་མེད་རྩ་བ་བྲལ་བའི་རང་བཞིན་ནོ། །ཨེ་མ་མེད་བཞིན་སྣང་འདི་དགོད་རེ་བྲོ། །དོན་མེད་ངང་ལ་དོན་དུ་གཟུང་བ་ཡིས། །དོན་འདི་སྣང་བ་བྲག་ཆའི་དབྱངས་འདྲ་བ། །འདི་ལ་བདེན་ཞེན་འཛིན་པ་ཅི་ཞིག་བྱ། །གང་ཡིན་གཏད་མེད་ཕྱམ་གཅིག་ངང་དེར་ཞོག །འཕྲལ་བྱུང་སྣང་བ་བདེན་མེད་ཆེན་པོར་གྲོལ། །ཡངས་དོག་མཐོ་དམན་མེད་པས་ཉམས་རེ་དགའ། །གང་བྱུང་ཆེད་འཛིན་ཞིག་པའི་སྣང་བ་ལ། །དགག་སྒྲུབ་བྲག་ཅ་འདྲ་བའི་སྣང་བ་ཤར། །ཅི་ཡིན་གཟའ་གཏད་མེད་པར་གྲོལ་བས་ན། །དེ་ཡིན་ཕྱོགས་ཆ་བྲལ་བར་ཕྱམ་གཅིག་ཞོག །ཧ་ཧ་ལྟོས་དང་འཁྲུལ་སྣང་དགོད་རེ་བྲོ། །ངོ་བོ་ངོས་གཟུང་མེད་ལ་ཁྲལ་མ་ཁྲོལ། །ཟབ་ཟོབ་འལ་འོལ་ཡལ་ཡོལ་བན་མ་བུན། །ཕྱད་ཕྱོད་བདེན་ཞེན་མེད་ལ་སྣ་ཚོགས་སྣང་། །མི་མཁས་བདེན་པར་ཞེན་ལ་བདེན་བདེན་འདྲ། །བདེན་མེད་རྣལ་འབྱོར་པ་ལ་ཕྱམ་ཕྱམ་གཅིག །མི་རྟག་རྟག་པར་འཛིན་ལ་རྟག་རྟག་འདྲ། །རྟག་འཛིན་ངང་གིས་གྲོལ་ལ་སྟོང་གཟུགས་གཅིག །ཡངས་དོག་རྒྱ་ཆད་མེད་ལ་ཉམས་དགའོ། །རྟོགས་པའི་དོན་ལ་གོམས་འདྲིས་བྱ་བ་ནི། །སྔོན་འགྲོ་སྔར་བཞིན་ཕྲག་ཅར་གསོལ་བ་གདབ། །དངོས་གཞི་ཆོས་ཀུན་སྒྲ་བརྙན་བྲག་ཅ་འདྲ། །གྲགས་དུས་ཉིད་ནས་ངོས་གཟུང་མེད་པ་ལྟར། །ཅིར་སྣང་ཐམས་ཅད་དེ་བཞིན་བསྒོམ་པར་བྱ། །ཁྱད་པར་བསྟོད་སྨད་སྙན་དང་མི་སྙན་ཀུན། །གྲགས་པས་སྟོང་ལ་ངོ་བོ་ངོས་གཟུང་མེད། །དེ་ལ་སེམས་ཀྱི་དགག་སྒྲུབ་དོན་མེད་ཀྱི། །སྒྲ་རྣམས་བྲག་ཅ་འདྲ་བར་རྟོགས་པར་བགྱིའོ། །ཁྲོ་སོགས་སེམས་དེ་ཡུལ་དང་ཕྱོགས་ན་མེད། །མེད་ལ་སྣང་དུས་བཙལ་ཡང་རྙེད་པ་མེད། །རྐྱེན་བྱུང་སྟོང་པ་བྲག་ཅའི་དབྱངས་འདྲ་ཞིང་། ཕ་རོལ་ཚིག་ཀྱང་རྐྱེན་བྱུང་བྲག་པ་འདྲ། དཔྱད་ལ་མེད་ན་སྣང་བའི་གཟུགས་བརྙན་ཙམ། །ཤིན་ཏུ་བརྟགས་ན་མཁའ་བཞིན་དངོས་མེད་ཅིང་། །ལེགས་ཉེས་ཤོར་གོད་ཅི་ཡང་མི་དམིགས་པས། །སྒྲ་ལ་དོན་དུ་མ་འཛིན་བདེན་པས་སྟོང་། །རྣམ་ཀུན་བྲག་ཅ་འདྲ་བ་རྟོགས་པར་གྱིས། །དེ་ཡིས་ཐོག་མེད་འཁོར་བའི་བག་ཆགས་དང་། །ཁྱད་པར་ཁོང་ཁྲོ་ཞེ་སྡང་མེ་འཇིལ་ཞིང་། །འཕགས་པའི་བཟོད་ཐོབ་ངན་སོང་ཡང་མི་ལྟུང་། །རིམ་གྱིས་རྒྱལ་བའི་འབྱོར་པ་ཉེ་བར་སྐྱེ། །མཚན་མོའང་སྔར་བཞིན་ཁྱད་པར་བྲག་ཅའི་ཉམས། །གྲག་པ་སྒྲས་སྟོང་ཆོས་ལ་བཟོད་པ་ཐོབ། །དེ་ཕྱིར་བྲག་ཅ་ལྟ་བུའི་དོན་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། །བྲག་ཅ་ལྟ་བུའི་ལེའུ་སྟེ་དྲུག་པའོ།། །།ཡང་འདིར་རྒྱལ་བས་དྲི་ཟའི་གྲོང་ཁྱེར་ཞེས། །གསུངས་པ་དེ་ཡང་བསྒོམ་ཕྱིར་བཤད་ཀྱིས་ཉོན། །གདོད་མའི་འོད་གསལ་མཁའ་ལ་སྣང་བའི་ཆོས། །ལྷུན་གྲུབ་ཡོན་ཏན་གྲོང་ཁྱེར་བརྒྱན་པ་ཞིག །ཐོག་མ་ཐ་མ་དབུས་མཐའ་མེད་འདིར་གནས། །དེ་ཉིད་ངང་ལས་མ་རིག་སེམས་ཀྱི་མཁར། །གཟུང་འཛིན་ལས་བྱུང་འགྲོ་དྲུག་དྲི་ཟའི་གྲོང་། །རྟེན་གཞི་མེད་ལ་སྣང་བ་སྣ་ཚོགས་གཟུགས། །བག་ཆགས་འཁྲུལ་པའི་ཡིད་ལས་སྐྱེས་ཅན་ནོ། །གང་འདི་རྟོགས་ན་སེམས་ཉིད་གདོད་མའི་ངང་། །མ་རྟོགས་དུས་ནད་ལྟ་འཁྲུལ་པའི་སེམས། །ཅི་འདྲ་ངོས་གཟུང་མེད་པ་དྲི་ཟའི་གྲོང་། །ཉིད་ལས་གཞན་པའི་དཔེ་ཞིག་གང་ཡིན་ཀྱེ། །འོན་ཀྱང་འདི་ཀུན་རང་བཞིན་མེད་པ་སྟེ། །ནུབ་ཁའི་ཐང་ལ་དྲི་ཟའི་གྲོང་ཁྱེར་བཞིན། །རྟེན་དང་བརྟེན་པ་གཉིས་ཀ་འཁྲུལ་པའི་སེམས། །བག་ཆགས་ཉིད་དེ་བརྟགས་ན་ངོ་བོ་མེད། །རང་བཞིན་བཞག་ན་ཇི་བཞིན་ངང་གིས་གྲོལ། །དེ་བས་སྙིང་ཡང་འཇིགས་སྤོང་དཀའ་བ་མེད། །སྲིད་འགྲོ་ཡེ་སྟོང་དག་པའི་ཚུལ་ཤེས་བྱ། །ཡུལ་རྣམས་ཐམས་ཅད་བདེན་སྟོང་དྲི་ཟའི་གྲོང་། །བློ་རྣམས་ཐམས་ཅད་བབས་སྟོང་དྲི་ཟའི་གྲོང་། །ཡུལ་སེམས་གཉིས་སྟོང་དྲི་ཟའི་གྲོང་འདྲ་བས། །ཅུང་ཟད་ཙམ་དུའང་ཞེན་འཛིན་རང་སར་ཞོག །དེ་ཅི་མེད་ལ་སྣང་བའི་ཆོས་རྣམས་ལ། །བློ་ཡིས་མ་བཟོ་ཆེད་དཀར་གཟུང་བར་ཤོལ། །ཐོག་མེད་འཁྲུལ་པའང་འཛིན་ཞེན་ལས་བྱུང་བས། །ད་ནི་འཛིན་མེད་རང་བཞིན་ཤེས་པར་བྱ། །འཕགས་པ་ཟག་པ་མེད་དང་ཆོས་རྣམས་དང་། །མྱ་ངན་འདས་པ་རབ་ཞི་དངོས་མེད་པས། །ཁྱོད་ཀྱི་དངོས་དང་དངོས་པོ་མེད་རྣམས་དང་། །བདེན་སྟོང་དྲི་ཟའི་གྲོང་དང་མཁའ་དབྱིངས་བཞིན། །གདོད་ནས་རབ་ཞི་སྐྱེ་མེད་མཁྱེན་པར་མཛོད། །འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་ང་རྒྱལ་ཕྲག་དོག་མི་དམིགས་ཏེ། །ཀུན་དུ་རྟོག་ཅན་དྲི་ཟའི་གྲོང་འདྲ་བར། །མཁྱེན་ནས་ཉོན་མོངས་ངོ་བོ་མེད་ཅན་དང་། །སེམས་ཉིད་བྱང་ཆུབ་གཉིས་སུ་མེད་པའི་ཆོས། །མཁའ་མཉམ་དྲི་མ་མེད་པར་རྟོགས་འཚལ་ལོ། །འཁོར་བའི་རང་བཞིན་བཟོད་ནས་མྱ་ངན་འདས། །འཁྲུལ་རྟོག་རབ་ཞི་མཁའ་ལ་སྤྲིན་དེངས་བཞིན། །དང་པོའི་བྱུང་སར་ཞི་བའི་ཚུལ་མཁྱེན་ནས། །ཡེ་ཤེས་རབ་ཞི་སྟོང་གསལ་ངང་དེར་སྐྱོངས། །སྐྱེ་མེད་ངང་ལ་བསམ་ཡུལ་མི་དམིགས་ཀྱང་། །སྐྱེ་བའི་ཆོ་འཕྲུལ་དབྱིངས་སུ་མ་ཞི་བར། །ཀུན་རྟོག་འཁྲུལ་པའི་རྩ་བ་བཅད་པར་མཛོད། །བྱ་དང་མི་བྱ་བླང་དོར་གཉིས་མེད་ཀྱང་། །དངོས་པོ་བདག་ཏུ་འཛིན་པའི་སེམས་ཡོད་པར། །ཉོན་མོངས་གཉེན་པོར་ཟབ་མོའི་ཆོས་བསྟེན་འཚལ། །ཕྱི་ནང་ གཉིས་མེད་སེམས་ཉིད་ངང་དུ་གྲོལ། །དེ་ལྟར་རྟོགས་ན་མཁས་པའི་སྐྱེ་བོ་ཡིན། །ད་ནི་དེ་ཉིད་དོན་ལ་བསྒོམ་པ་ཡང་། །སྔོན་འགྲོ་སྔར་བཞིན་དངོས་གཞི་ཆོས་རྣམས་ཀུན། །དྲི་ཟའི་གྲོང་དུ་ངེས་པར་འཚལ་བར་བྱ། །གཟུགས་ནི་སྣང་བས་སྟོང་སྟེ་དྲི་ཟའི་གྲོང་། །སྒྲ་དྲི་རོ་རེག་ཆོས་དྲུག་དྲི་ཟའི་གྲོང་། །སེམས་དང་དགག་སྒྲུབ་ཀུན་རྟོགས་ཤར་རོ་ཅོག །དྲི་ཟའི་གྲོང་ཡིན་ངང་དེར་གསལ་བར་བསྒོམ། །ཅིར་སྣང་ཐམས་ཅད་དྲི་ཟའི་གྲོང་ཁྱེར་དུ། །ཉིན་མཚན་དུས་ཀུན་སྔར་བཞིན་གོམས་པར་བྱ། །དྲི་ཟའི་གྲོང་དང་འདུས་བྱས་འདྲར་མཐོང་ནས། །བདེན་མེད་ངང་དེར་བཞག་པས་སྤྲོས་ཀུན་ཞི། །སྟོང་གསལ་རང་བྱུང་འོད་གསལ་ཁོང་ནས་འཆར། །རྨི་ལམ་ན་ཡང་དྲི་ཟའི་གྲོང་དུ་མཐོང་། །སྤྲུལ་བསྒྱུར་ལ་སོགས་སྔར་བཞིན་གོམས་པ་སྟེ། །བདེན་ཞེན་གྲོལ་བས་གཟུང་འཛིན་འཆིང་བ་ཆད། །ཀུན་སྦྱོར་བག་ཆགས་རབ་ཞི་གྲོལ་བ་ཐོབ། །དེ་ཕྱིར་དྲི་ཟའི་གྲོང་ཁྱེར་ཉིད་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ལེའུ་སྟེ་བདུན་པའོ།། །།གང་འདིར་རྒྱལ་བས་ཆོས་ཀུན་སྤྲུལ་པ་ཞེས། །གསུངས་པ་དེ་ཡང་ཇི་བཞིན་བཤད་ཀྱིས་ཉོན། །རང་བཞིན་གདོད་ནས་འོད་གསལ་ངང་ཉིད་ལས། །མ་རིག་བདག་ཏུ་འཛིན་པ་ལས་སྤྲུལ་པའི། །འཁོར་བའི་འཁྲུལ་སྣང་སྣ་ཚོགས་སྤྲུལ་པ་བཞིན། །མེད་བཞིན་སྣང་ལ་བདེ་སྡུག་སོ་སོར་སྤྱོད། །འདི་ནི་འགྲོ་སེམས་རང་སྣང་བག་ཆགས་ཏེ། །དེ་ཉིད་དག་ཚེ་རྒྱལ་བ་སྐུ་གསུམ་ཞིང་། །འོད་གསལ་ཡེ་ཤེས་རང་སྣང་རང་ཤར་བས། །སེམས་དང་ཡེ་ཤེས་རང་སྣང་རྣམ་གཉིས་སུ། །སྒྱུ་འཕྲུལ་དྲ་བའི་ལུང་ལས་གསུང་དེ་བཞིན། །གདོད་མའི་དབྱིངས་ནི་ཀུན་གྱི་འབྱུང་གནས་ཏེ། །རིག་པས་དྲི་མ་དག་ཚེ་ཡེ་ཤེས་དང་། །མ་རིག་བདག་འཛིན་འཁྲུལ་པས་སེམས་སྣང་དུ། །འགྲོ་དྲུག་བདེ་སྡུག་སྤྲུལ་པ་ལྟ་བུར་སྣང་། །ཇི་ལྟར་སྤྲུལ་པ་གཞི་མེད་ལས་བྱུང་བ། །དེ་ལྟར་འཁྲུལ་སྣང་གཞི་མེད་དག་པར་ཤེས། །ཇི་ལྟར་སྤྲུལ་པ་སེམས་ལ་དབང་བསྒྱུར་ལྟར། །དེ་བཞིན་སྣ་ཚོགས་འགྲོ་སེམས་གོམས་པར་ཤེས། །ཇི་ལྟར་སྤྲུལ་པ་དེར་སྣང་གང་འདོད་པ། །དེ་ལྟར་ཆོས་ཀུན་རྒྱུ་རྐྱེན་དག་ལས་ཤེས། །ཇི་ལྟར་སྤྲུལ་པ་མེད་སྣང་འཁྲུལ་པ་ལྟར། །དེ་བཞིན་ཆོས་ཀུན་མེད་སྣང་འཁྲུལ་པའི་བློ། །རང་སྣང་རང་ཤར་རང་སེམས་རབ་འཇུག་དབང་། །དེ་ལྟར་གོམས་པ་དེ་ལྟར་སྣང་བ་ཡིན། །གང་ཡང་མ་གོམས་ཇི་བཞིན་ཉིད་བཞག་ན། །གང་དུའང་མི་འཁྲུལ་རང་བཞིན་གཞི་ལ་གནས། །སྔོན་བཞིན་སེམས་ཉིད་དབྱིངས་སུ་འུབ་ཆུབ་བོ། །དུག་གསུམ་དུག་ལྔ་ཀུན་རྟོག་ལས་བྱུང་བ། །ཀུན་དུ་དཔྱད་ན་ཀུན་དུའང་མི་གནས་པས། །ཉོན་མོངས་སྤྲུལ་འདྲ་ངོ་བོ་མེད་པས་ན། །མ་སྐྱེས་སྟོང་པའི་ངང་དེར་ཇི་བཞིན་ཞོག །སྣང་སྲིད་སྣོད་བཅུད་སྐྱེ་འགྲོ་ཇི་སྙེད་ཀྱི། །ལུས་དང་ལོངས་སྤྱོད་འགྲོ་འདུག་བདེ་སྡུག་ཀུན། །མེད་སྣང་སྤྲུལ་པ་ དང་འདྲ་རང་བཞིན་མེད། །སྐྱེ་མེད་འགག་མེད་འོང་མེད་འགྲོ་བ་མེད། །འཕོ་མེད་འགྱུར་མེད་འོན་ཀྱང་སྣ་ཚོགས་སྣང་། །དེ་བས་སྤྲུལ་པ་དངོས་ཞེས་རྟོགས་པར་བྱ། །སེམས་ཀྱི་འཁྲུལ་རྟོག་ཟུག་རྔུ་ཇི་སྙེད་པ། །དེ་ཀུན་སྤྲུལ་པ་ལྟ་བུའི་ངང་ཅན་དེ། །རང་བཞིན་མེད་ལ་སྣང་བ་མ་འགགས་པ། །བདེན་སྟོང་གཉིས་སུ་མེད་ཅེས་རྟོགས་པར་བྱ། །འབྱུང་ལྔ་སྣོད་དང་སྲིད་གསུམ་བཅུད་དང་ནི། །དགག་སྒྲུབ་མ་ལུས་སེམས་ཀྱི་སྤྲུལ་པ་སྟེ། །སེམས་ཀྱང་མེད་སྣང་སྒྱུ་མའི་སྤྲུལ་པ་རུ། །རང་བཞིན་གདོད་ནས་དག་པར་རྟོགས་པར་བྱ། །མི་ཤེས་བྱིས་པས་བརྟགས་ན་ལེགས་པར་སྣང་། །བློས་བཀོད་དངོས་པོ་མཚན་མའི་ཆོས་རྣམས་ཀུན། །བག་ཆགས་ཉིད་ལས་དོན་དུ་གྲུབ་པ་མེད། །དེ་བས་འདི་ཞེས་གཟུང་འཛིན་མ་བྱེད་པར། །ཐམས་ཅད་མཐའ་གྲོལ་བརྗོད་འདས་ཤེས་པར་བྱ། །ཆོས་ཀུན་འདི་ཞེས་བརྗོད་ཅིང་མཚོན་བྱས་ཀྱང་། །ནམ་མཁའི་མིང་དང་རི་བོང་རྭ་འདྲ་བར། །དངོས་མེད་གཤིས་ལ་མ་གྲུབ་བརྟགས་པ་ཙམ། །ཡེ་སྟོང་རྩ་བ་བྲལ་བར་ཤེས་པར་བྱ། །རྟོག་པས་བརྟགས་པ་བློ་ཡིན་དོན་ལ་མེད། །དོན་དུ་སྣང་འདི་བག་ཆགས་མེད་སྣང་ཡིན། །ཡུལ་མེད་ཡུལ་འཛིན་མེད་པས་གཟུང་འཛིན་མེད། །སྨྲ་མེད་བསམ་མེད་བརྗོད་མེད་མཐའ་ལས་འདས། །དོན་ལས་འདི་ཞེས་སུས་ཀྱང་མཚོན་མེད་པས། །ཡེ་ནས་བདག་མེད་སྤྲུལ་པ་ལྟ་བུར་ཤེས། །ཇི་ལྟར་སྤྲུལ་པ་སྣང་བའི་དུས་ནས་སྟོང་། །དེ་ལྟར་ཆོས་ཀུན་གང་སྣང་བདེན་པས་སྟོང་། །ཇི་ལྟར་སྤྲུལ་པ་ཡོད་མེད་མཐའ་ལས་འདས། །དེ་ལྟར་ཆོས་ཀུན་རང་བཞིན་དམིགས་བསམ་འདས། །སྣང་མོད་སྟོང་མོད་བདེན་མོད་རྫུན་ཡིན་མོད། །གང་ལྟར་བརྟགས་ཀྱང་བདེན་པ་འགའ་མེད་པས། །འདི་ཞེས་མ་འཛིན་ཕྱོགས་ཡན་ཆེན་པོར་ལྟོས། །འཛིན་ཞེན་མེད་ན་གང་ཡིན་ཡིན་དུ་ཆུག །ཚིག་ཙམ་མཚོན་ལ་དགག་སྒྲུབ་ཅི་བྱར་ཡོད། །འདི་ཞེས་འཛིན་ན་གང་ཡང་གནས་ལུགས་མིན། །ཡིད་དཔྱོད་རྟོག་པའི་དྲ་བས་ཅི་ཞིག་མཚོན། །སེམས་ཀྱིས་བརྟགས་པ་རང་གི་རྟོག་པ་སྟེ། །དེ་ཡིས་དོན་དམ་སྟོང་ཉིད་མཚོན་བྱས་ཀྱང་། །མཐར་འཛིན་ཉིད་ལས་གནས་ལུགས་ག་ལ་ཡིན། །འོན་ཀྱང་མཚོན་ཏེ་ཤེས་པར་བྱེད་ཅེ་ན། །མཚན་མཚོན་འདས་ལ་ཅི་ཞིག་མཚོན་དུ་ཡོད། །དེ་བས་དོན་མེད་རྩོད་པའི་འཛིན་ཞེན་གྱིས། །སེམས་ཉིད་མི་རྟོགས་ཡིད་དཔྱོད་ཕོ་ཚོད་ཙམ། །བླ་མའི་བྱིན་རླབས་གང་གི་སྙིང་ཞུགས་པ། །སྤྲིན་བྲལ་མཁའ་ལ་ཉི་ཤར་དག་པ་བཞིན། །ནམ་ཞིག་ནུས་ལྡན་རྟེན་འབྲེལ་ཐབས་ཀྱིས་འཆར། །དེ་ཚེ་དམ་པའི་དོན་དེ་མངོན་དུ་འགྱུར། །ཐམས་ཅད་ཕྱམ་གཅིག་ཡིན་མིན་དཔྱད་ར་མེད། །མཁའ་མཉམ་མཐའ་གྲོལ་རང་སྟོང་ཟང་ཀ་མ། །ཡངས་ལ་སྣང་སྟོང་སྤྲུལ་པའི་རང་བཞིན་དུ། །ཆོས་རྣམས་ཐམས་ཅད་ངང་གིས་རྟོགས་པར་འགྱུར། །འཁོར་བ་གང་ཡིན་འཁྲུལ་རྟོག་སེམས་འདི་ཉིད། །རྟོགས་པར་གྱུར་ན་ཡེ་ཡིན་མྱ་ངན་འདས། །འཛིན་མེད་རིག་པའི་ཡེ་ ཤེས་ཡུལ་ལ་འཕྱོ། །གང་སྣང་དངོས་ལ་དེར་འཛིན་མི་འཇུག་པར། །སྣང་སེམས་སྤྲུལ་པའི་ངང་དེར་བློ་བདེ་རྙེད། །འདི་ལྟར་རྟོགས་ནས་བདེན་མཐོང་ཡེ་ཤེས་པ། །གཞན་ཞིག་མཚོན་དུ་མེད་དེ་དེ་རིང་ཉིད། །རང་ཤར་རང་སར་གྲོལ་བའི་ཆོས་ཉིད་དོ། །ཐབས་སྟོབས་བླ་མའི་བྱིན་རླབས་སྙིང་ཞུགས་པ། །གང་ལ་མངོན་དུ་གྱུར་ཡང་གཞན་དུ་མིན། །མིག་ལྡན་གཟུགས་སྣང་སྒྲོན་མེ་འབར་གྱུར་པ། །དམུས་ལོང་དག་ལ་བསྟན་པས་མཐོང་ངམ་ཅི། །ཚིག་ཀྱང་མི་ཤེས་དོན་ཀྱང་མི་གོ་བ། །གང་གིས་ལེགས་པའི་ཉི་མ་མི་མཐོང་བ། །དེ་བས་བླུན་པོའི་སྐྱེ་བོ་གཞན་དག་ནི། །ནེ་ཙོའི་འདོན་པ་འདྲ་ཞིང་རློམ་པས་ཁེངས། །རྟོག་པའི་དྲ་བས་སྙིང་པོའི་དོན་མ་མཇལ། །དེ་ཉིད་མི་ཤེས་དམུས་ལོང་གཟུགས་མཇལ་འདྲ། །རྟོགས་པའི་དུས་མེད་ཡིད་དཔྱོད་བདེན་པར་འཛིན། །ཨེ་མ་གཟུ་ལུམས་ཤིན་ཏུ་སྐལ་བ་ངན། །སྙིང་པོའི་དོན་ལ་ནམ་ཡང་མ་རེ་ཞིག །འདིར་ནི་སེམས་ཉིད་དམ་པའི་ཡེ་ཤེས་ནི། །བླ་མས་བསྟན་པ་རང་རིག་ཡེ་ཤེས་དངོས། །རང་སེམས་བཅོས་བསླད་མེད་པ་བཞག་ན་འཆར། །རེ་དོགས་འཛིན་ཞེན་མེད་ན་མངོན་པ་སྟེ། །སྟོང་གསལ་མཐའ་དབུས་མེད་ན་ལེགས་ཀྱང་མངོན། །དེ་བས་བརྒྱུད་པའི་བྱིན་རླབས་དང་ལྡན་པ། །དམ་པའི་བླ་མས་ཟིན་པ་མཆོག་ཏུ་གཅེས། །གནས་ལུགས་དོན་ལ་ཡེངས་མེད་བསྒོམས་པ་ཡང་། །སྔོན་འགྲོ་སྔར་བཞིན་བླ་མའི་རྣལ་འབྱོར་ལ། །སྤྲུལ་པ་འབྱོང་བར་གསོལ་གདབ་དངོས་གཞི་ནི། །སེམས་ནི་སྤྲུལ་པ་ལྟ་བུའི་རང་བཞིན་ལ། །སེམས་ལ་སྣང་འདིའང་རང་བཞིན་སྤྲུལ་པ་འདྲ། །ཐམས་ཅད་མ་སྐྱེས་སྤྲུལ་འདྲར་ཐག་བཅད་ནས། །སེམས་ཉིད་དྲན་བསམ་ཚོལ་ཁྲོ་བྲལ་བར་གཞག །དེ་ཚེ་སྟོང་གསལ་སྤྲོས་པ་དང་བྲལ་བའི། །ངང་ལ་གནས་པས་གཡོ་བྱེད་གཟུང་འཛིན་བྲལ། །དངས་གསལ་སྤྲུལ་པ་ལྟ་བུའི་འོད་གསལ་འཆར། །སྣང་ཡུལ་མ་འགགས་དེར་འཛིན་བཅོས་བསླད་མེད། །སལ་ལེ་སང་ངེ་མ་ཡེངས་ངང་གིས་བདེ། །གསལ་ལ་མི་རྟོག་ནམ་མཁའ་ལྟ་བུའི་སེམས། །རང་བཞིན་སྤྲོས་དང་བྲལ་བའི་ནམ་མཁའ་མཐོང་། །དེ་ཚེ་ཆོས་རྣམས་སྤྲུལ་པ་ལྟ་བུ་ལ། །བློ་ཡི་རྣམ་པའང་སྤྲུལ་པ་ལྟ་བུར་གྲོལ། །ཆགས་སྡང་རེ་དོགས་བདག་འཛིན་སྤྲུལ་པ་བཞིན། །གཞི་གྲོལ་ལམ་གྲོལ་འབྲས་བུ་གྲོལ་བ་ཡིན། །གང་ལྟར་བསྒོམས་ཀྱང་དེ་ཡིས་མི་འཆིང་སྟེ། །ཡོད་པར་བསྒོམས་ཀྱང་རྟག་པའི་མཐའ་ལས་གྲོལ། །མེད་པར་བསྒོམས་ཀྱང་ཆད་པའི་དྲི་མ་བྲལ། །གཉིས་སུ་བསྒོམས་ཀྱང་གཉིས་མེད་ངང་དེར་གནས། །བདག་ཏུ་བསྒོམས་ཀྱང་བདག་འཛིན་འཆིང་བ་མེད། །གཞན་དུ་བསྒོམས་ཀྱང་རེ་དོགས་གཉིས་བཅས་མེད། །བསྐྱེད་པར་བསྒོམས་ཀྱང་རྫོགས་པར་ལྷུན་གྲུབ་ཅིང་། །རྫོགས་རིམ་བསྒོམས་ཀྱང་སྤྲུལ་པའི་བསྐྱེད་རིམ་འགྲུབ། །ཤར་གྲོལ་དུས་མཉམ་ཉོན་མོངས་ཀུན་ལས་གྲོལ། །འཛིན་རྟོག་ལས་འདས་རྣལ་མའི་ངང་ཉིད་དོ། །དུས་ གསུམ་དུས་མེད་ཆོས་ཉིད་འཁོར་ལོ་ལ། །ཐུན་མཚམས་རིས་མེད་སྤྲུལ་པ་ལྟ་བུར་སྤྱོད། །གཏད་མེད་སྨྱོན་པ་འཛིན་མེད་ཟང་ཀ་མ། །ཤུགས་འབྱུང་རང་ཀ་རེ་དོགས་བཅོས་བསླད་མེད། །གང་ཡིན་ཀུན་ཡིན་གཏད་མེད་ཕྱམ་གཅིག་པས། །ནམ་མཁའ་རབ་འབྱམས་དགོངས་པར་ལྷུན་གྱིས་གྲུབ། །དེ་ཚེ་ཉིན་མཚན་སྤྲུལ་པའི་ངང་གནས་པས། །བདེ་ཆེན་འཁོར་ལོར་བདེ་ཀློང་གཅིག་ཏུ་འཁྱིལ། །ལོངས་སྤྱོད་འཁོར་ལོར་རྣམ་ཀུན་ལོངས་སྤྱོད་རྫོགས། །ཆོས་ཀྱི་འཁོར་ལོར་ཆོས་ཉིད་རྒྱུན་ཆད་མེད། །སྤྲུལ་པའི་འཁོར་ལོར་རྣམ་འཕྲུལ་དཔག་ཏུ་མེད། །བདེ་སྐྱོང་འཁོར་ལོར་ཉིན་མཚན་བདེ་བས་གང་། །མ་སྦྱངས་བཞིན་དུ་རླུང་སེམས་གནས་དུ་ཚུད། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་རྩ་འདབ་རླུང་། །ཡེ་ཤེས་རོ་གཅིག་སྦྱངས་འབྲས་མངོན་དུ་གྱུར། །རྨི་ལམ་སྤྲུལ་བསྒྱུར་ཞིང་ཁམས་མཐོང་བ་དང་། །ཕྱིས་ནས་འཁྲུལ་པའི་རྨི་ལམ་རྒྱུན་ཆད་དེ། །འོད་གསལ་བ་ལ་ཉིན་དང་མཚན་མོ་གནས། །བདེ་གསལ་མི་རྟོག་ཏིང་འཛིན་ངང་གནས་ཤིང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཡོན་ཏན་འགྲུབ། །ཉམས་རྟོགས་ཚད་མེད་རང་གཞན་དོན་གཉིས་འགྲུབ། །དེ་ཕྱིར་ཆོས་ཀུན་སྤྲུལ་པའི་རང་བཞིན་དུ། །སྐལ་བཟང་རྣམས་ཀྱིས་ཡང་དང་ཡང་སྒོམས་ཤིག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ལས། སྤྲུལ་པ་ལྟ་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ལྟར་རྒྱལ་བས་ཇི་སྙེད་བསྟན་པའི་ཆོས། །སྒྱུ་མའི་དཔེ་བརྒྱད་ཉིད་དུ་རེག་བྱའི་ཕྱིར། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །དྲི་མེད་འོད་ཟེར་ཤར་བས་སྣང་བར་བྱས། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །ཆོས་རྣམས་མ་སྐྱེས་སྒྱུ་མའི་ཚུལ་མཐོང་ནས། །གོང་ནས་གོང་དུ་ལེགས་པའི་ཆོས་བསྒྲུབས་ཏེ། །རྒྱལ་བའི་སྐུ་གསུམ་འབྱོར་པས་མཛེས་པར་ཤོག །རྨི་ལམ་སྒྱུ་མ་སྨིག་རྒྱུ་གཟུགས་བརྙན་དང་། །བྲག་ཅ་སྤྲུལ་པ་ལྟ་བུའི་ཆོས་རྣམས་ལ། །བདེན་པར་ཞེན་པའི་བློ་ནི་རབ་སྤངས་ཏེ། །ཡེ་ཤེས་ཡོན་ཏན་གདོད་མའི་སར་ཕྱིན་ཤོག །བྱིས་པ་འདུ་འཛིའི་གྲོང་དང་ཉོན་མོངས་ཀྱིས། །ཡོངས་གང་སྲིད་པའི་ནགས་ཁྲོད་ཐིབས་པོ་ལས། །རྒྱང་རིང་འཕགས་པའི་དགའ་ཚལ་དེར་སོང་སྟེ། །དཔག་མེད་ལྷ་བརྒྱའི་གཙུག་ན་མཛེས་གྱུར་ཅིག །བདག་གི་སེམས་འདི་རྣམ་གཡེང་ལ་སྐྱོ་བས། །ཞི་བའི་ནགས་ནང་དབེན་པའི་ཉམས་དགའ་བར། །གཅིག་པུར་ཟབ་མོའི་དེ་ཉིད་རྣམ་བསྒོམ་ཞིང་། །འཕགས་པའི་བློ་མིག་ཡང་དག་ཐོབ་པར་ཤོག །ནགས་རྣམས་མེ་ཏོག་ལོ་མ་འབྲས་མང་ཞིང་། །ཆུ་གཙང་དཀའ་ཐུབ་དཔལ་གྱིས་བརྒྱན་པ་དེར། །དལ་འབྱོར་སྙིང་པོར་ལྡན་པའི་ལུས་འདི་ཡིས། །དོན་ཆེན་ཆོས་མཛོད་ཐར་ལམ་བགྲོད་པར་ཤོག །དེང་དུས་བདག་ཚེ་འབྲས་བུ་ཡོད་བྱའི་ཕྱིར། །མི་ཡི་སྲིད་པར་དགེ་བའི་ཆོས་སྤྱད་དེ། །ཞི་བའི་ལམ་ལྡན་ཡོན་ཏན་ཚོགས་མང་བས། །མཐའ་ཡས་འགྲོ་བ་སྲིད་ ལས་སྒྲོལ་བར་ཤོག །ཚུལ་འདི་ཟབ་མོའི་ཆོས་ཀྱི་སྙིང་པོ་སྟེ། །ངེས་དོན་གནད་དུ་སྒྲིལ་བའི་གནད་ཡིན་པས། །ཐར་པ་འདོད་པས་སྙིང་ནས་བརྩོན་བྱ་ཞིང་། །ཉིན་མཚན་མི་དལ་འབད་པས་ཉམས་སུ་བླང་། །ཕྱི་རབས་སྐལ་ལྡན་དད་དང་ལྡན་པ་ཀུན། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །རང་གཞན་སྲིད་པའི་རྒྱ་མཚོ་རབ་བརྒལ་ནས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་ངེས། །མདོ་དང་རྒྱུད་དོན་མན་ངག་སྙིང་པོའི་དོན། །མ་ལུས་ཟབ་མོའི་མིག་ལྡན་རྣལ་འབྱོར་པ། །དྲི་མེད་འོད་ཟེར་སྣང་བས་བརྒྱན་པ་དེས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །ཆོས་ཚུལ་ཉི་མ་དྲི་མེད་འོད་སྟོང་ལྡན། །ཡེ་ཤེས་སྣང་ལྡན་མ་རིག་མུན་སེལ་གྱིས། །འཁོར་བའི་རྒྱ་མཚོ་རབ་ཏུ་སྐེམས་བྱས་ནས། །ཐར་གླིང་སྣང་བ་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོ་ཞེས་བྱ་བ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨི་ཞབས་རྟེན་ལ་ཉེ་བར་རེག་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།༄། །རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་བསྡུས་དོན་མནྡ༄༅་ར་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ༈ །།དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་སྒྱུ་མ་ངལ་གསོའི་དོན་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་རྒྱུ། འཇུག་ཡུལ་བསྟན་བཅོས་ཀྱི་ལུས། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། སྐད་གཉིས་ཤན་སྦྱར་བ་མཚན་གྱི་དོན། མདོ་དང་རྒྱས་པས་ཕྱག་གི་དོན། །བརྩམ་པར་དམ་བཅའ་བའོ། །གཉིས་པ་ལ་ལེའུ་བརྒྱད་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་བསྟན་པའི་ལེའུ་དང་པོ་ལ་གཉིས་ཏེ། ཆོས་ཐམས་ཅད་རྨི་ལམ་དུ་གཏན་ལ་དབབ་པ་དང་། ཇི་ལྟར་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལ་སེམས་ཅན་གྱི་འཁྲུལ་ཚུལ་དང་། འཁྲུལ་དུས་ཇི་ལྟར་གནས་ཚུལ་བསྟེན་པའོ། །དང་པོ་ལ་གསུམ་སྟེ། གདོད་མ་གཞིའི་གནས་ཚུལ་ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པས་འཁྲུལ་པ་གློ་བུར་དུ་སྣང་ཚུལ། བག་ཆགས་བརྟས་པ་ལས་སོ་སོར་སྣང་བ་དང་། གཅིག་ལས་དུ་མར་སྣང་བས་འཁྲུལ་སྣང་འཁོར་བའི་གྲུབ་ཚུལ་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། འཁྲུལ་སྣང་ལོག་རྟོག་སྒྱུ་མར་བསྟན་པ། དེ་ཉིད་བདེན་མེད་རྫུན་སྣང་དུ་བསྟན་པ། སྣང་ཡང་གཞི་མེད་རྩ་བྲལ་དུ་བསྟན་པ། མེད་སྣང་སྟོང་པའི་རང་གཟུགས་སུ་བསྟན་པ། གནས་ལུགས་ཆོས་ཉིད་རྣམ་དག་ཏུ་བསྟན་པའོ། །གཉིས་པ་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་བསྟན་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་བླང་བ། དེའི་འབྲས་བུ་གྲུབ་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞི་ བསྒོམ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཐོག་མར་འཇུག་པའི་སྔོན་འགྲོ། ལམ་ཟབ་བླ་མའི་རྣལ་འབྱོར། ཆོས་ཉིད་སྟོང་པའི་རྫོགས་རིམ་མོ། །གཉིས་པ་ལ་གཉིས་ཏེ། ཉིན་མོ་རྣལ་འབྱོར་གྱི་རིམ་པ་དང་། མཚན་མོ་རྣལ་འབྱོར་གྱི་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མཉམ་པར་བཞག་པའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། གཟུང་འཛིན་འཁྲུལ་པའི་རྩ་བ་བཅད་པའོ། །དང་པོ་ལ་གསུམ་སྟེ། ཕྱི་ཡུལ་དང་། ནང་ཡུལ་ཅན་རྨི་ལམ་དུ་བལྟ་བས་དོན་རང་མཚན་དུ་ཞེན་པ་ལྷན་སྐྱེས་ཉོན་སྒྲིབ་ཀྱི་སྒྲིབ་པ་སྦྱང་བ། འདས་ད་ལྟ་མ་འོངས་པའི་ཆོས་སུ་གཏོགས་པ་རྨི་ལམ་དུ་བལྟ་བས་དོན་སྤྱི་མཚན་དུ་ཞེན་པ་ཀུན་བརྟགས་ཤེས་སྒྲིབ་ཀྱི་དྲི་མ་སྦྱོང་བ། བྱུང་ཚོར་རྨི་ལམ་དུ་བལྟ་བས་འཁྲུལ་རྩ་བདག་འཛིན་གྱི་དྲི་མ་སྦྱོང་བའོ། །གཉིས་པ་ལྡང་བའི་རྣལ་འབྱོར་ལ་གཉིས་ཏེ། ལུས་ཀྱི་བྱེད་སྤྱོད་དང་། སྣང་བའི་བྱ་བྱེད་རྨི་ལམ་དུ་ཤེས་པས་ལམ་ཁྱེར་དང་པོ་དང་། དེའི་མན་ངག་བདེན་མེད་དུ་རྩལ་སྦྱོང་བའོ། །གསུམ་པ་འཁྲུལ་པའི་རྩ་བ་བཅད་པ་ལ་དྲུག་སྟེ། གཟུང་ཡུལ་གཞི་མེད་རྩ་བྲལ་དུ་བསྟན་པས་གཟུང་རྟོག་གི་རྩ་བ་བཅད་པ། འཛིན་པ་རྩ་བྲལ་དུ་བསྟན་པས་འཛིན་རྟོག་གི་རྩ་བ་བཅད་པ། ཡུལ་སེམས་རྟེན་མེད་དུ་རྟོགས་པས་གདོད་མའི་གཞི་ལ་བསྐྱལ་བ། དེ་ཉིད་དོན་ལ་གོམས་པས་འཁྲུལ་སྣང་དབྱིངས་སུ་དག་པ། མེད་སྣང་སྟོང་པའི་རང་གཟུགས་བག་ཆགས་རྨི་ལམ་དུ་བསྟན་པ། འཐད་པ་དཔེ་ཡིས་དགོད་པས་གཞི་མེད་རྩ་བྲལ་དུ་བསྟན་པའོ། །གཉིས་པ་མཚན་མོ་རྣལ་འབྱོར་གྱི་བསྒོམ་ཚུལ་ལ་བདུན་ཏེ། གནད་ལས་རྨི་ལམ་བསྒོམ་པ། གཟུང་བ། སྦྱང་བ། སྤྲུལ་པ། བསྒྱུར་བ། སྤེལ་ཅིང་སྦྱང་བ། དབང་བསྒྱུར་རིགས་ཀྱི་དམ་པ་བསྒྲུབ་པའོ། །གསུམ་པ་འབྲས་བུ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། །དེ་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པའི་ལེའུ་གཉིས་པ་ལ་གཉིས་ཏེ། ལེའུ་རྩོམ་པ་ལ་འཇུག་པའི་ཚུལ་དང་། དངོས་ཀྱི་དོན་བསྟན་པའོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱ་བ་དང་། ཤེས་ནས་ཇི་ལྟར་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གསུམ་སྟེ། གདོད་མའི་དབྱིངས་ལས་འཁོར་བའི་འཁྲུལ་ཚུལ་སྤྱིར་བསྟན། སྒྱུ་མའི་རང་བཞིན་དུ་གཏན་ལ་འབེབས་ཚུལ་བྱེ་བྲག་ཏུ་བཤད་པ། སྒྱུ་མ་རིགས་གསུམ་དུ་ཆོས་རྣམས་འདུས་ཚུལ་གྱི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སེམས་ཉིད་གདོད་མའི་གནས་ལུགས། མ་རིག་གཟུང་འཛིན་གྱི་འཁྲུལ་ལུགས། གཟུང་འཛིན་བག་ཆགས་ཀྱི་དབང་གིས་འཁོར་བ་སྣ་ཚོགས་སུ་འཁོར་བས་འཁྲུལ་དུས་བདེན་མེད་ཀྱི་སྣང་ལུགས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སྒྱུ་མའི་གནས་ལུགས་སྟོང་ཉིད་མདོར་བསྟན། སྒྱ་མའི་སྣང་ཚུལ་རིམ་གྱིས་རྒྱས་པར་བཤད། སྒྱུ་མའི་རང་བཞིན་རྟེན་འབྲེལ་དུ་དོན་བསྡུ་བའོ། །གཉིས་པ་ལ་གཉིས་ཏེ། སྒྱུ་མ་རིགས་བཞིའི་གོ་དོན་སྤྱིར་བསྟན་པ། སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྣམ་དབྱེ་དངོས་དེ་དག་དཔེའི་སྒྱུ་མས་གཏན་ལ་འབེབས་ཚུལ། དཔེ་དོན་ཤན་སྦྱར་བས་སྒྱུ་མ་རིགས་བཞིའི་གོ་དོན་སྦྱར་བའོ། །གཉིས་པ་ལ་ལྔ་སྟེ། །དབྱིངས་བདེ་གཤེགས་སྙིང་པོ། ངོ་བོ་ཕྱོགས་ལྷུང་གཉིས་མེད། འཆར་གཞི་རྐྱེན་སྣང་རང་གསལ། འཆར་ཚུལ་དཔེ་དོན་ངེས་འབྱེད་ཀྱི་རང་བཞིན་སྒྱུ་མ། མ་དག་སྒྱུ་མ། ཡེ་ཤེས་སྒྱུ་མ། དཔེའི་སྒྱུ་མའི་རང་བཞིན་རྒྱས་པར་བཤད་པའོ། །གསུམ་པ་སྒྱུ་མ་རྟེན་འབྲེལ་དུ་བསྡུ་བ་ལ་དྲུག་སྟེ། རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚུལ། ངོ་བོ་སྟོང་ཉིད་ཀྱི་རང་བཞིན། རྣམ་པ་སྒྱུ་མའི་དཔེ་དོན། འདྲ་ཆོས་མཚུངས་པའི་ཤན་སྦྱར། སྒྱུ་མ་རང་སྣང་གི་སྙིང་རྗེ། གཤིས་དོན་ཆོས་ཉིད་ཀྱི་དབྱིངས་རུམ་དུ་བསྟན་པའོ། །གསུམ་པ་རིགས་གསུམ་དུ་དོན་བསྡུ་བ་ལ་གཉིས་ཏེ། ཆོས་རྣམས་སྒྱུ་མར་གདམས་པ་དང་། ཤེས་བྱེད་འཐད་པ་དགོད་པས་སྒྱུ་མའི་ཚུལ་ལ་སྤྱིར་གདམས་པ་དང་། བྱང་ཆུབ་སྒྱུ་མ། འཁོར་བའི་སྒྱུ་མ། གཤིས་སྒྱུ་མ། སྒྱུ་མ་རིགས་གསུམ་གྱི་གནས་བྱེ་བྲག་ཏུ་བཤད་པའོ། །དོན་གཉིས་པ་ཤེས་ནས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། སྔོན་དུ་འགྲོ་བ། དངོས་གཞི་བསྒོམ་པ། སྒོམ་པ་དེ་དག་པའི་འབྲས་བུའོ། །གཉིས་པ་ལ་གཉིས་ཏེ། སྒྱུ་མར་བསྒོམ་པ། བདེན་མེད་དུ་སྦྱོང་བ། གཟུང་འཛིན་གཞིག་པ་དང་གསུམ་གྱིས་ཉིན་མོ་རྣལ་འབྱོར་དུ་བྱ་བ་དང་། གནད་ཀྱི་ཉལ་བ་དང་། རྨི་ལམ་སྦྱོང་བས་མཚན་མོ་རྣལ་འབྱོར་དུ་བྱའོ། །དེ་ནས་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་བསྟན་པའི་ལེའུ་གསུམ་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་མིག་ཡོར་གྱི་ཚུལ་དུ་ཤེས་པར་བྱ་བ་དང་། དེ་ནས་ཇི་ལྟར་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལས་འཁྲུལ་སྣང་གི་ཤར་ཚུལ་བསྟན་པ་དང་། སྟོང་པ་རང་སྣང་གི་རོལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འོད་གསལ་སྙིང་པོའི་རང་ངོ་མ་ཤེས་པས་འཁྲུལ་པ་དང་། མེད་སྣང་སྟོང་པ་ལ་བདག་ཏུ་གཟུང་བས་འཁྲུལ་པར་བསྟན་པའོ། །གཉིས་པ་ལ་བརྒྱད་དེ། མེད་བཞིན་སྣང་བའི་དཔེ། རང་བཞིན་མེད་པའི་དོན། དཔེ་དོན་ངེས་པའི་ཆོས་ཉིད། མེད་པ་གཟུང་བའི་སྣང་ཚུལ། སྣང་ལ་འཛིན་མེད་ཀྱི་གདམས་ཚུལ། མི་རྟོག་མཉམ་པའི་དགོངས་དོན། རྒྱ་གྲོལ་འཛིན་མེད་ཀྱི་རང་གནད། བདེན་མེད་སྟོང་པའི་ཐག་ཆོད་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བའི་རིམ་པ་ལ་གསུམ་སྟེ། ལྟ་བས་ཐག་བཅད་པ་དང་། སྒོམ་པས་ཉམས་སུ་བླང་། འབྲས་བུ་འབྱུང་ཚུལ་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། མི་གཡོར་ལྟ་བུར་རྟག་ཏུ་རྣལ་འབྱོར། ཡུལ་སེམས་བདེན་མེད་ཉིན་མོ་རྣལ་འབྱོར་ འདུན་པས་མཚན་མོ་རྣལ་འབྱོར་བསྟན་པའོ། །དེ་ནས་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་བསྟན་པ་ལེའུ་བཞི་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་སྨིག་རྒྱུ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱའོ། །དང་པོ་ལ་གཉིས་ཏེ། གཞི་ལས་འཁྲུལ་སྣང་གི་ཤར་ཚུལ་དང་། ཤར་དུས་ཇི་ལྟར་གནས་ཚུལ་ལོ། །དེ་ལ་བཞི་སྟེ། ངོ་བོ་སྟོང་ཉིད། རྣམ་པ་བདེན་མེད། རང་བཞིན་མཐའ་བྲལ། གནས་ལུགས་འཛིན་མེད་ཆེན་པོར་བསྟན་པའོ། །གཉིས་པ་ཉམས་སུ་བླང་ཚུལ་ལ་གསུམ་སྟེ། ཉིན་མོའི་རྣལ་འབྱོར། མཚན་མོའི་རྣལ་འབྱོར། གནས་སྐབས་དང་མཐར་ཐུག་གི་སྒོམ་པས་གྲུབ་པའི་འབྲས་བུ་བསྟན་པའོ། །དེ་ནས་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་བསྟན་པ་ལེའུ་ལྔ་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་ཆུ་ཟླ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལས་སེམས་ཅན་གྱི་འཁྲུལ་ཚུལ་དང་། འཁྲུལ་དུས་ཇི་ལྟར་གནས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབྱིངས་ལྷུན་གྲུབ་ཆེན་པོ་ལས་མ་རིག་གཟུང་འཛིན་གྱི་ཀུན་རྟོག་གཡོས་ཚུལ། གློ་བུར་ཉོན་མོངས་ཀྱི་རང་སྣང་འཁྲུལ་པས་འགྲོ་དྲུག་འཁོར་བའི་སྣང་བ་གྲུབ་ཚུལ། མེད་སྣང་འཁྲུལ་བའི་སེམས་ཅན་འཁོར་བ་ལ་རང་བཞིན་ཤེས་པའི་སྙིང་རྗེ་སྐྱེ་ཚུལ་ལོ། །གཉིས་པ་ལ་བཅུ་སྟེ། ཅིར་སྣང་གཟུགས་བརྙན་ལྟ་བུ། ཡུལ་སེམས་བདེན་མེད་སྟོང་པ། རིག་སྟོང་ཆོས་སྐུ་ཉག་གཅིག །བློ་བྲལ་མཉམ་པ་ཆེན་པོ། བསམ་བརྗོད་སྤྲོས་བྲལ་འཛིན་མེད། མི་གནས་འཁོར་འདས་མཉམ་རྫོགས། གཟོད་གནས་ཡེ་སྟོང་ཕྱོགས་བྲལ། འཛིན་མེད་རང་བབས་གཉུག་མ། གཟུང་འཛིན་ཡུལ་སེམས་འབྲེལ་མེད། སྐལ་བཟང་གཞི་ལ་མཐར་ཕྱིན་དུས་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་ཚུལ་ལ་བཞི་སྟེ། རྟག་ཏུ་རྣལ་འབྱོར། ཉིན་མོ་རྣལ་འབྱོར། མཚན་མོ་རྣལ་འབྱོར། སྒོམ་པ་དག་པའི་འབྲས་བུའོ། །དེ་ནས་ཆོས་ཐམས་ཅད་བྲག་ཅ་ལྟ་བུར་བསྟན་པའི་ལེའུ་དྲུག་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུའི་དོན་དངོས་སོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་བྲག་ཅ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། རང་བཞིན་ཤེས་པས་སྤྱིར་གཏན་ལ་དབབ་པ་དང་། རྟོགས་དོན་ངེས་པས་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་ལྔ་སྟེ། ངོ་བོ་བདེན་མེད། རང་བཞིན་སྟོང་ཉིད། གནས་ལུགས་བློ་བྲལ། དབྱིངས་ལས་འཁྲུལ་ཚུལ། གནས་ལུགས་བྲག་ཅ་ལྟ་བུར་བསྟན་པའོ། །གཉིས་པ་ལའང་བཞི་སྟེ། འཛིན་མེད་ཕྱོགས་ཡངས་རྟོགས་པ། གཏད་མེད་ཡོངས་གྲོལ་དུ་རྟོགས་པ། འལ་འོལ་ཕྱད་ཕྱོད་དུ་རྟོགས་པ། རྒྱ་ཆད་ཕྱོགས་བྲལ་དུ་རྟོགས་པའི་གདེང་ཚད་ངེས་པ་བྲག་ཅ་ལྟ་བུའི་དོན་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་གསུམ་སྟེ། བྲག་སྟོང་བྲག་ཅ་ལྟར་བལྟ་བས་རྟག་ཏུ་རྣལ་འབྱོར། ངོ་བོ་སྤྱིར་བསམ། རྒྱུ་མཚན་བྱེ་བྲག་ཏུ་དཔྱད། །རང་བཞིན་སྟོང་པར་བརྟག །དེའི་འབྲས་བུ་བསྟན་པས་ཉིན་མོ་རྣལ་འབྱོར། རྨི་ལམ་འབྲས་བུ་དང་བཅས་པས་མཚན་མོ་རྣལ་འབྱོར་བསྟན་པའོ། །དེ་ནས་ཆོས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟ་བུར་བསྟན་པ་ལེའུ་བདུན་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དངོས་ཀྱི་དོན་ནོ། །དེ་ལ་གཉིས་ཏེ། ཆོས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གཉིས་ཏེ། དབྱིངས་ལས་འཁྲུལ་ཚུལ། རང་བཞིན་གནས་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དབྱིངས་གདོད་མའི་གནས་ཚུལ། དེའི་ངང་ལས་འཁྲུལ་ཚུལ། འཁྲུལ་སྣང་སྟོང་དབྱིངས་རང་སྣང་དུ་བསྟན་པའོ། །གཉིས་པ་ལ་དགུ་སྟེ། སྲིད་གསུམ་ཡེ་སྟོང་རྣམ་དག །ཡུལ་སེམས་མེད་པ་གསལ་སྣང་། བློ་བྲལ་འཛིན་མེད་ཟང་ཀ །གདོད་ནས་རང་བཞིན་སྐྱེ་མེད། ཉོན་མོངས་ཀུན་རྟོག་གཞི་བྲལ། འཁོར་འདས་གཉིས་མེད་གདོད་མ། འཆར་ཚུལ་མ་འགགས་རོལ་པ། བླང་དོར་ཟབ་མོའི་རྟེན་འབྲེལ། རྣམ་གྲོལ་སྐལ་བཟང་མཁས་པར་བསྟན་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་བཞི་སྟེ། བདེན་མེད་སྟོང་པར་བསྒོམ་པ་རྟག་ཏུ་རྣལ་འབྱོར། ཡུལ་སེམས་རྟོག་མེད་དུ་བསྒོམ་པ་ཉིན་མོའི་རྣལ་འབྱོར། གོམས་པའི་ངང་ལས་ཤར་བ་ཉམས་རྟོགས་འཆར་སྒོ། རྟོགས་པས་གྲོལ་ཚད་ངེས་པ་དེའི་འབྲས་བུའོ། །དེ་ནས་ཆོས་ཐམས་ཅད་སྤྲུལ་པ་ལྟར་བསྟན་པ་ལེའུ་བརྒྱད་པ་ལ་གཉིས་ཏེ། ལེའུ་ལ་འཇུག་པའི་ཚུལ་དང་། ལེའུ་དང་པོ་བསྟན་པའོ། །དེ་ལ་གཉིས་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟར་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱའོ། །དང་པོ་ལ་གཉིས་སྟེ། གདོད་མའི་དབྱིངས་ལས་འཁྲུལ་ཚུལ་དང་། གཞི་མེད་སྟོང་པའི་རང་བཞིན་དུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། དབྱིངས་ལས་འཁྲུལ་དངོས། འཁོར་འདས་ཡེ་ཤེས་ཀྱི་རང་སྣང་དུ་བསྟན་པ། དབྱིངས་ཉིད་ཀུན་གྱི་འཆར་གཞིར་དབྱེ་བ། དཔེ་དོན་ཤན་སྦྱར། འཐད་པ་དགོད་པ། ཇི་བཞིན་བཞག་པས་དབྱིངས་སུ་གནས་པའོ། །གཉིས་པ་ལ་བཞི་སྟེ། གནས་ལུགས་དོན་གྱི་ངོ་བོ་བསྟན་པ། མཚན་བརྗོད་འདས་པའི་རང་བཞིན་བསྟན་པ། རྟོགས་པ་ངེས་པའི་གདིང་ཚད་བསྟན་པ། གང་ལས་འབྱུང་བའི་ཁྱད་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། ཉོན་མོངས་རྟེན་མེད། སྣོད་བཅུད་མེད་སྣང་། སྣང་བ་བདེན་མེད། འཁྲུལ་རྟོག་རྩ་བྲལ། སྣང་སེམས་གཞི་མེད་སྤྲུལ་པ་ལྟ་བུར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། བསམ་བརྗོད་མེད་པའི་རང་བཞིན་སྤྱིར་བསྟན་པ་དང་། བློས་བརྟགས་ཆོས་ཀྱིས་མི་རྟོག་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བརྒྱད་དེ། སེམས་སྣང་གཞི་མེད་སྟོང་པ། མཐའ་བྲལ་བློ་འདས་བརྗོད་མེད། ཆོས་རྣམས་ཡེ་གྲོལ་རྩ་བྲལ། ཡུལ་སེམས་མེད་སྣང་རྟེན་འབྲེལ། གཟུང་འཛིན་བདག་མེད་སྤྲུལ་པ། སྣང་སྟོང་སྒྱུ་མ་རང་ཤར། གང་སྣང་ཕྱོགས་ཡན་གཏད་མེད། དགག་སྒྲུབ་བྱར་མེད་ཀློང་ཡངས་སུ་བསྟན་པའོ། །གཉིས་པ་ལ་ལྔ་སྟེ། ཡིད་དཔྱོད་རྟོག་པའི་དྲ་བར་བསྟན་པ། དེའི་དངོས་སུ་མི་རྟོག་པར་བསྟན་པ། རྣལ་དོན་མཚན་བརྗོད་མེད་པར་བསྟན་པ། བློས་བརྟགས་འཇལ་བྱེད་ཕོ་ཚོད་དུ་བསྟན་པ། དངོས་དོན་བླ་མའི་བྱིན་རླབས་སུ་བསྟན་པའོ། །གསུམ་པ་རྟོགས་པ་ངེས་པའི་གདེང་ཚད་བསྟན་པ་ལ་བཞི་སྟེ། མཐའ་བྲལ་ཀློང་ཡངས་རྟོགས་པའི་ངོ་བོར་བསྟན་པ། འཁོར་འདས་གཉིས་མེད་རྟོགས་པའི་རང་བཞིན་དུ་བསྟན་པ། ཤར་གྲོལ་འཛིན་མེད་རྟོགས་པའི་རང་རྩལ་དུ་བསྟན་པ། རང་བྱུང་ཡེ་ཤེས་རྟོགས་པའི་འབྲས་བུ་བསྟན་པའོ། །བཞི་པ་གང་ལས་བྱུང་བའི་ཁྱད་པར་བསྟན་པ་ལ་གསུམ་ལས། བྱིན་རླབས་ཡོད་མེད་ཀྱི་རྗེས་སུ་བྱེད་པ་དང་། དེའི་མཚོན་དཔེ་རྟོགས་པས་རྟོགས་པ་འཆར་བ་བླ་མ་དམ་པ་ལ་རག་ལས་པར་སྤྱིར་བསྟན་པ། སྐྱེ་བོ་ཐ་མལ་དང་། ཐ་སྙད་ཚིག་ཞེན་པོས་སེམས་ཉིད་དོན་གྱི་སྙིང་པོ་བླ་མས་མ་ཟིན་ན། དངོས་སུ་མི་རྟོགས་པར་བྱེ་བྲག་ཏུ་བཤད། དམ་པས་ཟིན་ན་རྟོགས་པ་གདེང་དང་བཅས་པ་འཆར་བ་དང་། བརྒྱུད་པ་བྱིན་རླབས་དང་ལྡན་པར་བརྟན་པར་གདམས་པས་རྒྱུ་མཚན་ངེས་པས་མཁས་གྲུབ་དམ་པ་བསྟན་པ་དང་དོན་བསྡུ་བའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་གཉིས་ཏེ། བསྒོམ་ཚུལ་དང་པོ་དང་། དེ་ལས་ཤར་བའི་རང་བཞིན་བསྟན་པའོ། །དེ་ལ་བཅུ་གཅིག་སྟེ། གཡོ་བྱེད་གཟུང་འཛིན་བྲལ་བའི་འོད་གསལ། །གསལ་ལ་རྟོག་པ་མེད་པའི་ཏིང་ངེ་འཛིན་རེ་དོགས་སྙེམས་དང་བྲལ་བའི་གདེང་ཚད། གང་ཡང་ལམ་དུ་གྱུར་པའི་རང་བཞིན། མཉམ་རྗེས་རོ་གཅིག་འདྲེས་པའི་ཀློང་གྱུར། དགོངས་པ་བར་མཚམས་མེད་པའི་གནས་ལུགས། རྣམ་བཞི་འཁོར་ལོ་དག་པའི་དབང་བསྒྱུར། རླུང་སེམས་ལས་སུ་རུང་བའི་ཡོན་ཏན། གནས་སྐབས་རྟགས་ཚད་ངེས་པའི་ཁྱད་པར། ཉམས་རྟོགས་དྲོད་ཚད་ངེས་པའི་འབྲས་བུ། སྐལ་བཟང་སྣོད་ལྡན་རྣམས་ལ་གདམས་ཚུལ་བསྟན་པའོ། །སྤྱི་དོན་གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གསུམ་སྟེ། རླབས་ཆེན་གཞན་དོན་དུ་བསྔོ་བ། དབེན་པར་རང་དོན་དུ་བསྔོ་བ། གནས་གཞན་དར་རྒྱས་སུ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། དགེ་རྩ་བསྟན་བཅོས་ཀྱི་རང་བཞིན། སྐུ་གསུམ་བདེ་ཆེན་དུ་བསྔོ་བ། ཆོས་སྐུ་ཉག་གཅིག་ཏུ་བསྔོ་བའོ། །གཉིས་པ་ལ་བཞི་སྟེ། ཞི་བ་འཕགས་པའི་དགའ་ཚལ་དུ་བསྔོ་བ། ཟབ་མོའི་བདེན་མཐོང་ཡེ་ཤེས་སུ་བསྔོ་བ། དལ་འབྱོར་དོན་ཡོད་སྙིང་པོར་བསྔོ་བ། དོན་གཉིས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །གསུམ་པ་ལ་བཞི་སྟེ། མདོ་རྒྱུད་སྙིང་པོའི་ངེས་དོན་བསྟན་པ། གང་གིས་གང་དུ་བརྩམས་ཚུལ་བརྗོད་པ། ཕྱི་རབས་དང་ལྡན་གདུལ་བྱ་ལ་གདམས་པ། ཆོས་ཚུལ་ཟབ་མོ་དར་རྒྱས་སུ་བསྔོ་བའོ། །རྫོགས་པ་ཆེན་པོ་སྒྱུ་མངལ་གསོའི་བསྡུས་དོན་མནྡ༄༅་ར་བའི་ཕྲེང་བ་ཞེས་བྱ་བ། ལུང་ དང་། རིག་པ་དང་། མན་ངག་གི་གནས་ལ་སྣང་བ་ཐོབ་ཅིང་། དེ་ཁོ་ན་ཉིད་ཀྱི་དོན་ལ་ལེགས་པར་སྦྱངས་པའི་བློ་གྲོས་རྒྱ་ཆེ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་། ཀུན་ཏུ་བཟང་པོའི་ཁང་བཟངས་སུ་ཆོས་མཐོང་བའི་མིག་རྡུལ་མེད་ཅིང་དྲི་མ་མེད་པས་ལེགས་པར་སྦྱར་བ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་ཐེག་པ་འདི། །ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག། །།