/yang gsang bla ma'i sgrub pa thig le'i rgya can gyi bsnyen yig grub gnyis shing rta zhes bya ba bzhugs so/ །ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བསྙེན་ཡིག་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བི་མ་ལ་རསྨི་པཱ་དཱ་ཡ། དྲི་མེད་འོད་གསལ་རྡོ་རྗེ་སྙིང་པོའི་དབྱིངས། །སྣང་བཞིའི་འཛུམ་ཟེར་གསར་པ་དང་སྦྱར་བས། །འཇའ་ལུས་འཕོ་བ་ཆེན་པོའི་གསེང་ལམ་མཆོག །དབྱེ་མཛད་རིག་འཛིན་བླ་མས་རྟག་ཏུ་སྐྱོངས། །དེ་ལ་འདིར་རིག་འཛིན་བླ་མའི་སྒྲུབ་པ་ཡང་གསང་ཐིག་ལེའི་རྒྱ་ཅན་གྱི་ལམ་ཟབ་མོ་ལ་བརྟེན་ནས་བྱིན་རླབས་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཞུགས་པས་ཚེ་གཅིག་གིས་འཇའ་ལུས་རྡོ་རྗེའི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་གིས། ཤིན་ཏུ་དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དམ། གངས་ཁྲོད། རི་སུལ་སོགས་གྲུབ་པའི་སྐྱེ་བོས་བསྟེན་པའི་སྨན་ལྗོངས་སུ་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་གྱིས་ཉམས་སུ་བླང་བར་བྱ་བ་ལས། དང་པོ་ནི། དལ་འབྱོར་གྱི་རྟེན་འདི་ཉིད་རྙེད་དཀའ་ཞིང་ནམ་འཆི་བའི་ཆ་མེད་པ་དང་། ཤི་བའི་འོག་ཏུ་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་བདག་གཞན་སེམས་ཅན་ཐམས་ཅད་ཐར་པ་ཞིག་ཅི་ནས་ཀྱང་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་སྔོན་འགྲོའི་རིམ་པ་རྣམས་མཐར་ཕྱིན་པ་སྔོན་དུ་སོང་བས་ལམ་འདིར་འཇུག་པའི་ཚེ། མར་ངོའི་ཚེས་བཅུ་སོགས་དམར་ཕྱོགས་ཀྱི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན། གནས་ཁང་བྱི་དོར་བྱ་ཞིང་། རིག་འཛིན་བླ་མའི་དམ་ཚིག་གི་སྣང་བརྙན་བྲིས་འབུར་གང་རིགས་འབྱོར་ན་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་སྟེང་བྷནྡྷ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པའི་ནང་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་བྲིས་སྒྲུབ་ཚད་ལྡན་བགྱིས་པ་དང་། བརྒྱུད་པ་འདི་ཉིད་ལས་འོངས་པའི་སེལ་མེད་ཀྱི་བདུད་རྩི་ཆོས་སྨན། རིན་པོ་ཆེ་སྣ་ཚོགས། སྨན་སྣ་ཚོགས། འབྲུ་སྣ་ཚོགས་བཅས་ཀྱིས་གཏམས་པའི་ཁར་དར་དམར་གྱི་ལྡིང་གུར་དབུབ། དེའི་མདུན་དུ་བླ་གཏོར་དམར་པོ་པད་འདབ་བཞི་པ་རྒྱན་ལྡན། གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཉེར་སྤྱོད་དང་། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཇི་ལྟར་རིགས་པ་བཤམས་པས་མཚོན་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྲོད་ཐུན་གྱི་སྔ་ལོགས་སུ་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་སྔོན་འགྲོའི་རིམ་པས་བློ་རྒྱུད་སྦྱངས་པའི་མཐར། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པ་སོགས་ལས་ཀྱི་ཁྲོ་བོ་གཉུག་མའི་ཧེ་རུ་ཀ་གང་ཡང་རུང་བའི་ང་རྒྱལ་གྱིས་གཞི་བགེགས་ལ་གཏོར་མ་བྱིན་ཞིང་རྡོ་རྗེའི་སྲུང་བའི་འཁོར་ལོས་ཕྱོགས་མཚམས་ཐམས་ཅད་བཅིངས་པ་དང་། རྒྱལ་ཆེན་བཞི་ལ་བར་ཆད་ཞི་བའི་ཕྲིན་ལས་བཅོལ་ནས་ཐོ་འཛུགས་པ་སོགས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱས་ནས། སྐབས་དོན་གྱི་ཁྱད་པར། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞི་འཛུམ་མཚན་དཔེའི་གཟི་བྱིན་ཕུན་སུམ་ཚོགས་པར་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་རྣམ་ཀུན་རྫོབ་ཙམ་དུ་བྱས་པའི་མཐར། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ །རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅིར་ཡང་མ་གྲུབ་ཅིང་། ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་གྱི་སེམས་བསྐྱེད། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་པས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ་ཀུན་བརྟགས་གློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད། ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབ་པ་རྣམས་གཞུང་གི་ཚིག་དོན་དང་རྗེས་སུ་མཐུན་པར་ནན་ཏན་གྱིས་གསལ་གདབ་རྗེས། བསྐྱེད་རིམ་དངོས་གཞིའི་ཆར། ཉམས་སུ་མྱོང་ཡང་བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་པའི་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་རྩལ་ལས་སྣང་བཞིའི་འཆར་ཚུལ་ཕ་མཐར་སོན་པའི་རྟེན་འབྱུང་གི་སྣང་ཆ་མ་འགགས་པ་རང་ཤར་བའི་ཚུལ་གྱིས་ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་ཟིན་པ་ན། འོད་ཟེར་གྱི་འཕྲོ་འདུས་ཀུན་རྫོབ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པས་རབ་ལྟ་བ་མཇལ་བའི་ཕྱག་དང་། ཅིར་སྣང་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན་ཆེན་པོར་སྤྲོ་བ་དང་། སྒྱུ་མ་དང་རྨི་ལམ་གྱི་ཚུལ་ལྟར་སྣང་ཡང་ཞེན་པ་མ་གྲུབ་པའི་ཡེ་ཤེས་སྒྱུ་མའི་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པ་རྣམས་ལས་གཞུང་ལས་འབྱུང་བ་ལྟར་དང་། བཟླས་དམིགས་དངོས་ནི། རང་གི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་ཀྱི་ཐུགས་ཀའི་ཐད་དྲང་དུ་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་གྱི་དབུས་མཐིང་ག་ཁྱབ་པ་ཆེན་པོའི་ཀློང་ན་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སེམས་ཉིད་གཉུག་མའི་དབྱིངས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་གྱི་མཐར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཡི་གེའི་གཟུགས་སུ་ཤར་བའི་སྔགས་ཕྲེང་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མཐིང་གསལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་གཡས་སྐོར་དུ་གནས་པ་ལས། འོད་ཟེར་བུན་ལོང་གིས་འཕྲོས་པའི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་པ་བསྙེན་པ། འོད་ཟེར་མར་འཕྲོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ཕྱི་སྣོད་འོག་མིན་གྱི་ཞིང་དང་། ནང་བཅུད་རིག་འཛིན་བླ་མའི་སྐུར་ལམ་ལམ་གསལ་འདེབས་པ་སྒྲུབ་པ། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས་ཏེ། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་པ་སྒྲུབ་ཆེན། དེ་ལས་འོད་ཟེར་སྤྲོ་བསྡུས་མཚོན་པའི་འཁོར་གསུམ་གྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་ལ་མཉམ་པར་འཇོག་པ་ལས་སྦྱོར་ཏེ། ཚུལ་དེ་ལྟ་བུའི་དམིགས་གནད་དང་མ་བྲལ་བའི་ངང་ནས་བཟླས་པ་ཅི་ནུས་བྱས་རྗེས་མཆོད་བསྟོད་དངོས་གྲུབ་བླང་ཞིང་ཚོགས་ཀྱི་མཆོད་པའང་བྱས་ལ། སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་པའི་ནང་གསལ་གྱི་རིག་པ་ཐིམ་ལ་མ་རྨུགས་པའི་ངང་དུ་ཁམས་གསོ། ཐོ་རངས་ལྡང་བའི་དུས་ལ་བབས་པ་ན་སྐད་ཅིག་གིས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་ཞིང་ཐོར་ཐུན། སྔ་ཐུན། དགོང་ཐུན། སྲོད་ཐུན་ཏེ་ཐུན་བཞིའི་རིམ་པས་འབུམ་ཕྲག་བཅུ་གཉིས་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་ཀྱི་བསྙེན་པ་དང་། ཟླ་བ་དྲུག་ལ་སོགས་པར་བརྩོན་པ་དུས་ཀྱི་བསྙེན་པ་དང་། གཞུང་ནས་གསུངས་པའི་རྟགས་རྣམས་རྫོགས་པའི་བར་བསླབ་པ་མཚན་མའི་བསྙེན་པ་སྟེ། བརྩོན་འགྲུས་དང་དབང་པོའི་རིམ་པ་ལྟར་ཉམས་སུ་བླངས་པས། དོན་བརྒྱུད་ཀྱི་བྱིན་རླབས་སྙིང་དབུས་སུ་ཞུགས་པས་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དང་དོན་གྱི་ཆ་ལ་སྤོབས་པའི་གཏེར་ཆེན་པོ་གྲོལ་ཞིང་། རིང་པོར་མི་ཐོགས་པར་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཉམས་སུ་བླང་བའི་ཐུན་མཚམས་སུ་སྔ་དགོང་གི་ཟེར་གཉིས་ལ་ལྷུན་གྲུབ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ལ་གཟིར་ཞིང་། སྲོད་དང་ཐོ་རངས་སོགས་རླུང་རིག་དྭངས་པའི་སྐབས་གཏུམ་མོ་བསྒོམ་པ་དང་ཁྲེགས་ཆོད་ཀྱི་ལྟ་བ་བསྐྱངས་ཏེ། མདོར་ན་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་རྫོགས་པར་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་པའི་ཚེ་ཡར་ངོའི་ཚེས་བཅུ་སོགས་དུས་ཚེས་ཤིས་པའི་སྔར་ཉིན་ནས་ཚོགས་ཀྱི་ཡོ་བྱད་དང་། དངོས་གྲུབ་ལེན་པའི་རྫས་སོགས་འདུ་བྱས་ལ། ཐོ་རངས་སྔ་བར་ལངས་ནས་ལས་གཞུང་བསྲངས་ཤིང་བཟླས་པ་འོས་འཚམ་གྱི་རྗེས་ཚོགས་ཀྱི་མཆོད་པ་བྱ་ཞིང་། སྐྱ་རེངས་ཤར་བའི་དུས་ལ་བབས་པ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་གིས་དམ་ཚིག་ཉམས་ཆག་བཤགས། སྒྲུབ་པའི་རྫས་ལ་བྱིན་འབེབ་དང་། མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླང་ཞིང་། སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུགས་ལ་མྱང་། བྷནྡྷ་སྲོག་འཁོར་དང་བཅས་པ་འབྲལ་མེད་དུ་འཆང་། ནོངས་བཤགས་ནས་བཟུང་སྟེ་ཤིས་པ་བརྗོད་པའི་བར་ཚོགས་མཆོད་ནས་འབྱུང་བ་ལྟར་དང་། གཞན་ཡང་བཀྲ་ཤིས་པ་རྒྱ་ཆེར་བརྗོད་ཅིང་རྒྱལ་ཆེན་ལ་གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པར་བྱའོ། །གང་དུ་ཞུགས་པས་མཆོག་དང་ཐུན་མོང་གི །གྲུབ་གཉིས་ནོར་བུའི་དོ་ཤལ་འཛིན་བཟོད་པ། །ཡང་གསང་བླ་མ་བསྙེན་ཅིང་སྒྲུབ་པའི་ཚུལ། །རིག་པ་འཛིན་པ་དགའ་བའི་ཤིང་རྟ་ཆེ། །ཉུང་གསལ་སྙིང་པོར་དྲིལ་ནས་བཀོད་པ་ཡི། །བསོད་ནམས་ཟླ་ཤེལ་བྱེ་བའི་སྙེམས་འཆང་བས། །སྲིད་ཞིའི་རྒུད་པའི་མུན་པ་ཀུན་བཅིལ་ནས། །འཇའ་ལུས་རྡོ་རྗེའི་ལང་འཚོ་རྒྱས་གྱུར་ཅིག །ཅེས་པའང་དད་པ་དང་དམ་ཚིག་གིས་རྒྱུད་ཕྱུག་ཅིང་རྣམ་པར་དཔྱོད་པའི་བློ་གྲོས་ཅན་ཨ་བྷཱ་ཡ་ཤྲཱི་མཱཾ་གྱིས་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལས། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་འོག་མིན་བླ་མའི་གདན་ས་དཔལ་ལྡན་པདྨ་འོད་གླིང་དུ་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་འབར་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།